11417

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲུབ་ཆེན་ས་ར་ཧ་པ་ (1)
Part of speech མིང་ཚིག
Definition ཝཱ་རཱ་ཎ་སཱིའི་ཆར་གཏོགས་གསེར་གྱི་བྲེ་ཞེས་བྱ་བའི་གྲོང་དུ། བྲམ་ཟེའི་རིགས་སུ་ཐོ་བཙུན་གྲུབ་རྗེའམ་དགེ་སློང་མཁས་པ་དང༌། བདེ་བྱེད་བདག་པོའམ་ཡང་དག་རྒྱལ་བ་ཅན་ཞེས་བྱ་བ་གཉིས་སྐྱེས་པའི་དང་བོ་ཡིན། དེ་གཉིས་ཀྱིས་བསྟན་བཅོས་ཐམས་ཅད་རྟོགས་པར་གྱུར་པ་དང༌། འདི་སྙམ་དུ། བདག་ཅག་གི་ཁྱིམ་ན་དབང་ཕྱུག་མཆོད་ལ། སངས་རྒྱས་ཀྱི་བསྟན་པ་ནི་ཕུལ་དུ་བྱུང་བར་སྣང་ན། ཡུ་གུ་ཅག་གིས་དབང་ཕྱུག་ཆེན་པོ་ཁྱད་པར་དུ་འཕགས་སམ། འོན་ཏེ་སངས་རྒྱས་ཁྱད་དུ་འཕགས་པ་ངེས་པར་བརྟག་པར་བྱའོ། །དེ་ལ་རི་ཏི་སེ་ན་དབང་ཕྱུག་དང་ཨུ་མ་མངོན་སུམ་དུ་གནས་སོ་ཞེས་ཐོས་ཀྱི། དེར་སོང་ལ་དྲིའོ་ཞེས་བགྲོས་ནས་འབད་པས་ཕྱིན་ཏོ། །དབང་ཕྱུག་གིས་ཁྱེད་ཅག་གང་ནས་འོང་ཞེས་དྲིས་པས། ཇི་ལྟར་གྱུར་པ་སྨྲས་སོ། །དགེ་སློང་རྣམས་ཀྱི་ཟས་ཀྱི་དུས་ལ་བབ་པ་ན། མ་དྲོས་པའི་མཚོ་ལ་གནས་པའི་དགྲ་བཅོམ་ལྔ་བརྒྱ་དེར་བྱོན་ཏེ། ལྷ་ཆེན་པོ་འཁོར་བཅས་ཀྱིས་བསོད་སྙོམས་འབུལ་བ་དང་གསོལ་ཟིན་པ་དང༌དེ་དག་ལས་ཆོས་ཉན་པ་མཐོང་བས། སངས་རྒྱས་ཁྱད་དུ་འཕགས་པར་རིག་ཅིང༌མཆོག་བསླངས་པས། ཉི་ཟླ་དང་མཉམ་པའི་ཚེ་བྱིན་ཏོ། །དེ་ནས་རང་ཡུལ་དུ་ལོག་སྟེ། རིག་བྱེད་རྩྭ་ལྟར་དོར་ནས། ཁྱིམ་གྱི་ལོངས་སྤྱོད་ཐམས་ཅད་བགོས་ཏེ། གཅེན་གྱིས་ཤཱ་རིའི་བུ་འཁྲུངས་སར་ནཱ་ལེནྡྲ་བཏབ། གཅུང་གིས་རྡོ་རྗེ་གདན་བྱང་ཆུབ་ཆེན་པོ་དང་བཅས་པ་བཞེངས། མཆེད་གཉིས་སྟོན་པའི་སྲས་སྒྲ་གཅན་འཛིན་ལ་རབ་ཏུ་བྱུང་སྟེ། གཅེན་ལ་སྒྲ་གཅན་འཛིན་བཟང་པོ། གཅུང་ལ་བཱིརྻ་བྷ་དྲ་ཞེས་བཏགས། སྡེ་སྣོད་གསུམ་པར་གྱུར། དེ་ལས་ཀྱང་ཆེས་ལྷག་པ་ཞིག་འདོད་པ་ལ། མཁན་པོས་གཅེན་ལ། གསང་བ་འདུས་པའི་དཀྱིལ་འཁོར་སྤྲུལ་ནས། དེ་ཉིད་དུ་དབང་བསྐུར། རྒྱུད་བཤད། མན་ངག་གདམས་ཏེ། གསང་སྔགས་དུ་མ་གསུངས་སོ། །མཆེད་གཉིས་སོ་སོའི་གཙུག་ལག་ཁང་དུ་བཞུགས་ཏེ། ཕྱི་ལྟར་ཉན་ཐོས་ཀྱི་བསྟན་པ་བསྐྱངས་ལ། ནང་དུ་རྡོ་རྗེ་ཐེག་པའི་རྣལ་འབྱོར་ལ་གོམས་པར་མཛད་དེ། ལོ་ལྔ་བརྒྱར་ཉེ་བ་ཙམ་གནས་ལ། སྒྲ་གཅན་འཛིན་བཟང་པོས། ཀླུ་སྒྲུབ་རབ་ཏུ་བྱུང་ཞིང་གདམས་ངག་བྱིན། སངས་རྒྱས་ཐོད་པའི་འགྲེལ་པ་སོགས་མཛད། ཀླུ་སྒྲུབ་ལ་ནཱ་ལེནྡྲ་གཏད་དེ། ཀླུ་ལས་གྱུར་པའི་རྣལ་འབྱོར་མ། གདོལ་པའི་ཆ་བྱད་ཅན་རྗེས་སུ་བཟུང་ཞིང་ལྷན་ཅིག་གནས་པས། ཐམས་ཅད་ཀྱིས་བྲམ་ཟེ་དང་། གནས་བརྟན་པའི་ཚུལ་ཉམས་སོ་ཞེས། སྐུར་བ་བཏབ་པ་ན། དོ་ཧ་སྐོར་གསུམ་གླུར་བླངས། བརྟུལ་ཞུགས་ཀྱི་སྤྱོད་པ་ལ་ཞུགས་པའི་མཚན་ས་ར་ཧ་པ་སྟེ། དཔལ་གྱི་རི་ལ་ད་ལྟའི་བར་དུའང་བཞུགས་སོ། །ས་ར་ཧའི་གསང་བའི་མཚན་ནི། བྱང་སེམས་བློ་གྲོས་རིན་ཆེན་ཏེ། འགའ་ཞིག་ཏུ་ལྷའི་བུ་ཞེས་པ་ཡང༌། འོག་མིན་གྱི་ལྷ་རྣམས་དང་འཇའ་སྐུར་མཚུངས་པ་ལ་དགོངས་སོ། །གཅུང་། རྡོ་རྗེ་གདན་དུ་བཞུགས་པའི་ཚེ། ལྷ་འདྲེ་བྲན་དུ་ཁོལ་གྱིན་མཆོད་རྫས་བསགས་ཏེ། ཚོགས་འཁོར་དང་རྡོ་རྗེ་གདན་ལ་མཆོད་པ་མཛད། ཉིན་བཞིན་ཁྱི་མོ་བརྒྱའི་དབུས་སུ་བཞུགས། མཚན་བཞིན་ཁྱི་མོ་དེ་དག་ཕྱག་རྒྱར་བཞེས་པ་ལས། ཁྱིའི་སློབ་དཔོན་ཀུ་ཀུ་ར་ཙ་ཞེས་ཀྱང་གྲགས་སོ། །

{{#arraymap:གྲུབ་ཆེན་ས་ར་ཧ་པ་

|; |@@@ | | }}