11426

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ (1)
Part of speech མིང་ཚིག
Definition གཙང་ལ་སྟོད་གཡས་རུ་བྱང་མའི་ཆབ་འོག་འོ་བ་ལྷ་རྩེ་རིན་ཆེན་སྡིངས་ཞེས་པར། ཡབ་རྡོ་རྗེ་རྒྱལ་མཚན་དང་ཡུམ་རྒྱ་གར་ལྷ་མོའི་སྲས་སུ། རབ་བྱུང་དྲུག་པའི་ལྕགས་གླང་ ༡༣༦༡ ལོར་འཁྲུངས། ཆུང་དུས་མཚན་ཁྲོ་བོ་དཔལ་ལྡན་ཞུ། བྱིས་དུས་ནས་རིག་པ་རྣོ། སྤྱང་གྲུང་འཛོམས། ཕན་སེམས་ཆེ་བས། ཡབ་ཡུམ་གཉིས་ཀྱིས་བྱང་སྡིངས་སུ། ཆོས་སྐྱོང་དཔལ་བའི་དྲུང་དུ་ཀློག་ཡིག་སློབ་པར་བསྐྱལ། རིང་པོར་མ་ཐོགས་པར་རིག་གནས་ལ་མཁས་པར་གྱུར། དེར་བཤེས་གཉེན་ཉི་མ་སེང་གེའི་དྲུང་དུ་རབ་ཏུ་བྱུང༌། མདོག་སྟོད་སྐྱ་རའི་དགོན་པར་དཀའ་ལྔ་པ་དཔལ་འབྱོར་ཤེས་རབ་ཀྱི་དྲུང་དུ་བསྙེན་པར་རྫོགས། མཚན་བརྩོན་འགྲུས་བཟང་པོར་བཏགས། ངམ་རིང་ཆོས་སྡེར་མཁས་པ་བློ་གྲོས་རྡོ་རྗེ་དང༌། དཀོན་མཆོག་དར་མ་ལས་སྡེ་སྣོད་དང་རིགས་ལམ་མང་པོ་གསན། ས་སྐྱར་དཀའ་བཞིའི་གྲྭ་སྐོར་ལ་བྱོན། འབྲུག་ཆེན་གཉིས་པ་ལས་ཁྲིད་ཆེན་བརྒྱད་དང༌། རེད་མདའ་བ་གཞོན་ནུ་བློ་གྲོས། ལྷ་གདོང་པ་བསོད་ནམས་མཆོག ཀུན་སྤངས་རིན་ཆེན་རྒྱལ་མཚན་སོགས། བླ་མ་དུ་མ་བསྟེན་ནས་གསར་རྙིང་གི་མན་ངག་མང་པོ་གསན། བལ་ཡུལ་དུ་ཕེབས་ནས། འཕགས་ཤིང་ལ་སྐུ་དཀར་དང༌། བྱ་རུང་ཁ་ཤོར་ལ་ཉམས་གསོ་མཛད། རྡོ་རྗེ་གདན་དང་ཟངས་གླིང་སོགས་ལ་ཕེབས་ཤིང༌། ལོ་བཅོ་བརྒྱད་རིང་རྒྱ་བལ་ཕྱོགས་སུ་འབྱོན་བཞུད་མཛད། གྲུབ་ཐོབ་མང་པོ་ལ་ཆོས་གསན་པས་ཉམས་རྟོགས་ཁྱད་པར་ཅན་འཁྲུངས། སླར་བོད་ལ་ཕེབས་ནས་ཟབ་ཆོས་འགའ་ཞིག་གཏེར་དུ་སྦས། གཙང་རྒྱལ་སྡེའི་ཐང་ཁར་བཞུགས་པའི་དུས་དེ་ནས་ཐང་སྟོང་རྒྱལ་པོ་ཞེས་པའི་མཚན་ཡོངས་གྲགས་སུ་གྱུར། ཚལ་གུང་ཐང་ནས། ལྷ་སར་འབྱོར་པའི་ལམ་བར་ལྷ་གདོང་ཤན་ཁར། གྲུ་དཔོན་ལ་གླ་རྔན་གནང་རྒྱུ་མ་བྱུང་བས། གྲུ་དཔོན་གྱིས་ཁོང་གི་དབུ་ལ་ཤན་སྐྱ་ལན་གསུམ་བཞུས་ཏེ་ཆུ་ནང་དུ་བསྐྱུར་བས། ཐུགས་ཤིན་ཏུ་ཕམ་པ་ཞིག་བྱུང་བ་མ་ཟད། ཉམ་ཐག་མང་བོས་འདི་འདྲའི་བརྙས་བཅོས་དང་དཀའ་སྡུག་མྱོང་དགོས་པར་མཁྱེན་ནས། ལྕགས་ཟམ་འཛུགས་རྒྱུའི་དམ་བཅའ་བཀོད་དེ། ཀོང་ཕྱོགས་སུ་ལྕགས་ཟམ་འཛུགས་པའི་དགེ་མཚན་དྲིལ་བསྒྲགས་ནས། ལྕགས་ཀྱི་སློང་མོ་མཛད། ལྕགས་ཀྱི་གཏེར་ཁ་མང་པོ་བརྡོལ། མགར་བ་མང་པོ་གདན་ནས་ལྕགས་ཐག་གྲངས་མེད་པ་བརྡུངས་ཏེ། ལྷ་ས་སྐྱིད་ཆུའི་ལྕགས་ཟམ། ཆུ་བོ་རིའི་ལྕགས་ཟམ། ཡར་ལུང་ཉ་མགོ་གྲུ་ཁའི་ལྕགས་ཟམ་སོགས། དབུས་གཙང་། ཁམས ལྷོ་མོན་བཅས་ལ་བསྡོམས། ལྕགས་ཟམ་བརྒྱ་ཕྲག་ཕྱེད་བརྒལ་བ་ཙམ་བཙུགས་པས། གྲུབ་ཐོབ་ལྕགས་ཟམ་པ་ཞེས་གྲགས། ལྕགས་ཟམ་གྱི་མཐུན་རྐྱེན་དུ། བོད་ཀྱི་ལྷ་མོའི་ཟློས་གར་གསར་གཏོད་གནང༌། གཞན་ཡང་ཤན་ཆེན་དང་གྲུ་འདྲེན་པ་བརྒྱ་དང་བཅོ་བརྒྱད། ཤིང་ཟམ་དྲུག་ཅུ་ཙམ་བཙུགས་པར་གྲགས། དབེན་གནས་ཐར་པ་གླིང་སོགས་སྒྲུབ་སྡེ་མང་པོ་དང་སྐུ་གསུང་ཐུགས་རྟེན་དཔག་ཏུ་མེད་པ་ཡང་གསར་དུ་བཞེངས། སེམས་ཅན་མང་པོའི་སྲོག་བསྐྱབས་པ་དང༌། སྦས་ཡུལ་རྣམས་གནས་སྒོ་འབྱེད་པ་སོགས་བསྟན་འགྲོར་ཕན་པའི་མཛད་རྗེས་འགྲན་ཟླ་དང་བྲལ་བ་བཞག་སྟེ། དགུང་ལོ་བརྒྱ་དང་ཉེར་ལྔའི་བར་བཞུགས་པའི་མཐར། རབ་བྱུང་བརྒྱད་པའི་ཤིང་སྦྲུལ་ ༡༤༨༥ ལོར་གཙང་སྟོད་རི་བོ་ཆེར་སྐུ་གཤེགས་པའི་ཚུལ་བསྟན་ཏོ། །

{{#arraymap:གྲུབ་ཐོབ་ཐང་སྟོང་རྒྱལ་པོ་

|; |@@@ | | }}