11447

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲུབ་དབང་ཤཱཀྱ་ཤྲཱི་ (1)
Part of speech མིང་ཚིག
Definition ཁམས་ཆབ་མདོ་བེ་རུའི་འབྲོག་སྡེར། ཡབ་སྣ་རུ་དོན་ལྡན་དང༌། ཡུམ་ཉ་མཚོ་སྒྲོན་གྱི་སྲས་སུ། རབ་བྱུང་བཅུ་བཞི་པའི་ཆུ་གླང་ ༡༨༥༣ ལོར་འཁྲུངས། སྐུ་ཆུང་ངུ་ནས་དམ་པའི་ཡོན་ཏན་ལྷན་སྐྱེས་སུ་མངའ། ནར་སོན་པ་དང་གྲུ་དགོན་མཆོག་སྤྲུལ་མདུན། སྡོམ་པ་མནོས་ཤིང་དགོན་དེར་སྒྲིགས་ཞུགས་མཛད། མདོ་ཁམས་དྲུག་པ་དང༌། གྲུབ་དབང་ཚོགས་གཉིས་ལས་སྨིན་གྲོལ་གྱི་གདམས་པ་རྣམས་ཚུལ་བཞིན་གསན། གསང་ལམ་མཁའ་འགྲོ་སྙན་བརྒྱུད་ཀྱི་བཀའ་བབ་ཁྱད་པར་ཅན་བྱུང་ནས། ཐོ་ཚ་བ་ཆོས་བཟང་སྒྲོལ་མ་གསང་ཡུམ་དུ་བཞེས་ཏེ། སྒྲུབ་གནས་ཐོག་མར་གྲུ་གུའི་གཟིམས་ཕུག་ཏུ། རྩེ་གཅིག་སྒྲུབ་པ་མཛད་པ་ནས་བཟུང༌། ལྷ་བྲག་པདྨ་ཡང་རྫོང༌། རྡོ་རྗེའི་ཕུག་རིང་སོགས་སུ་སྙིང་པོའི་སྒྲུབ་པ་ལ་གཞོལ་ཏེ། གྲུབ་ཐོབ་ཀྱི་སྙན་པས་ཕྱོགས་ཀུན་ཁྱབ། འབྲུག་ཡོངས་འཛིན་དྲུག་པ་མདོ་ཁམས་སུ་ཕེབས་སྐབས། ལྗོངས་འདིར་སྦས་པའི་རྣལ་འབྱོར་འདི་འདྲ་བ་བཞུགས་པ་ངོ་མཚར་ཆེ་ཞེས། བསྟོད་བསྔགས་ཚད་མེད་མཛད། མཚན་ཡང་ཤཱཀྱ་ཤྲཱི་ཞེས་གསོལ། འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་རྗེ་ཉིད་ཀྱི་གཏེར་བྱུང་དབང་ཆོས་རྒྱས་པར་བསྩལ་ཅིང༌། ཆོས་བདག་ཏུ་མངའ་གསོལ། རྫོགས་ཆེན་ཡང་གསང་བླ་མེད་ཀྱི་ལྟ་སྒོམ་ཚད་དུ་ཕྱིན་པ་ཞིག་རེད་འདུག་ཅེས་བསྔགས་བརྗོད་གནང༌། འཇུ་མི་ཕམ་པས་ཀྱང༌རྡོ་རྗེ་འཆང་གི་དགོངས་པ་མངོན་དུ་གྱུར་པ་རེད་ཅེས་གསུངས་ཤིང༌། ཤཱཀྱ་ཤྲཱི་ལ་ཛྙཱ་ནའི་མཚན་བསྣན་ནས་མངའ་གསོལ། གཞན་ཡང་ཀོང་སྤྲུལ། ཨ་འཛོམས་འབྲུག་པ། རྫ་དཔལ་སྤྲུལ་སོགས་ལས་དབང་ཆོས་གསན་ཞིང༌། དེ་རྣམས་ཀྱིས་ཀྱང་ཐུགས་དགྱེས་པའི་བསྟོད་བསྔགས་ཡང་ཡང་གནང༌། འགྲོ་དོན་དཔག་མེད་འབྱུང་བའི་ལུང་བསྟན། སློབ་དཔོན་པདྨ་འབྱུང་གནས། པཎ་ཆེན་ནཱ་རོ་ཏ་པ། རྗེ་མི་ལ། གྲུབ་ཐོབ་གླིང༌། འགྲོ་མགོན་གཙང་པ་རྒྱ་རས་སོགས་ཀྱི་ཞལ་གཟིགས། ལུང་བསྟན། དབུགས་ཕྱུང༌། གདམས་པ་བསྩལ་ཅིང༌། སྙན་བརྒྱུད་གསང་བའི་མཐར་ཐུག་གི་སྐོར་སོགས་དགོངས་གཏེར་མང་པོ་གཏན་ལ་ཕབ། གྲུ་གུ་གསོལ་སྡེར་ཁའི་གདན་སར་རྒྱུན་རིང་བཞུགས་ནས་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་བསྐོར་བའི་མཐར། རྒྱལ་དབང་འབྲུག་པ་བཅུ་པ་མཆོག་གིས་གདན་འདྲེན་ཞུས་པ་ལྟར། དགུང་ལོ་ང་བདུན་ས་བྱ་ ༡༩༠༩ ལོ་ཙམ་ལ་གནས་ཆེན་ཙ་རིའི་ནུབ་སྒོ་བྱར་སྐྱིད་ཕུག་ཏུ་ཕེབས་ཤིང༌། སྐུ་ཚེ་སྨད་དུ་དེར་བཞུགས་ནས་རྒྱ་བལ་འབྲུག་གསུམ་བོད་དང་བཅས་པའི་སྐལ་ལྡན་གྱི་སློབ་མ་དཔག་ཏུ་མེད་པ་ཞིག་རྗེས་སུ་བཟུང༌། བལ་ཡུལ་འཕགས་པ་ཤིང་ཀུན་གཙོ་བོར་བྱས་པའི་མཆོད་རྟེན་རྣམས་ཉམས་གསོ་གནང་བ་སོགས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་དེ། དགུང་གྲངས་རེ་བདུན་པ་ས་ལུག་ ༡༩༡༩ ལོའི་བོད་ཟླ་ལྔ་པའི་ཚེས་བཅུ་དགུ་ལ་གནས་དེ་ཉིད་དུ་རྟགས་དུ་མ་དང་བཅས་སྐུ་མྱ་ངན་ལས་འདའ་ཚུལ་བསྟན་ཏོ། །སློབ་མ་ནི། སྐུའི་རིགས་སྲས་རྣམས་ཀྱིས་གཙོས། རྒྱ་དཀར་ནག འབྲུག་འབྲས་ལྗོངས། སྟོད་ལ་དྭགས་ནས་སྨད་རྒྱ་ནག་བར་ཞལ་སློབ་ཀྱིས་མ་ཁྱབ་པ་མེད་པ་ལྟ་བུར་གྱུར་ཏེ། ཕྱག་རྫོགས་གཉིས་ཆར་གྱི་བསྟན་པ་རིན་པོ་ཆེ་ཉི་མ་ཤར་བ་བཞིན་སླར་ཡང་གསལ་ཞིང་རྒྱས་པར་མཛད་དོ། །

{{#arraymap:གྲུབ་དབང་ཤཱཀྱ་ཤྲཱི་

|; |@@@ | | }}