11901

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གླག་བྲག་རྫོང་དགོན་ (1)
Part of speech མིང་ཚིག
Definition མདོ་ཁམས་དམར་རྫ་སྒང་གི་མངའ་ཁོངས་ཉག་ཨ་འཛི་རོང་གི་ཡུལ་ལ་རྨེ་གླག་ཤོད་གསུམ་ཞེས་པའི་ཡ་གྱལ་གླག་རག་མོ་གཤོག་པ་བརྒྱང་འདྲའི་ས་དབྱིབས་ལས་མིང་གླག་ཁོག་ཟེར་བའི་ས་ཆ་ལ། །བྲག་ལྷ་རྫོང་ཟངས་མདོག་དཔལ་གྱི་རི་བོ་སྐུ་གསུམ་ཞིང་གི་བཀོད་པ་ཕུན་སུམ་ཚོགས་པའི་མདུན་ཞོལ། །ཆུ་ཕྲན་དྭངས་ལ་གཙང་བ་དལ་གྱིས་འབབ་པའི་འདུས་མདོར་ཆགས་ཡོད་པས་ཡུལ་མིང་དང་གནས་མིང་དགོན་ལ་ཆགས་པས་གླག་བྲག་རྫོང་དགོན་ཞེས་ཐོགས། ཡུལ་འདིར་སྔོན་རབ་བྱུང་བཞི་པ་ཙམ་ལ་ཀཿཐོག་པའི་ལུང་བསྟན་བུ་བཞིར་གྲགས་པའི་དང་པོ་འབྲུ་ཚ་སྒང་པ་བརྩོན་འགྲུས་བཟང་པོ་བྱོན་ནས་རྒྱལ་བའི་བསྟན་པ་ལུང་རྟོགས་གཉིས་ཀྱིས་སྤེལ། བཀའ་མདོ་སྒྱུ་སེམས་གསུམ་ཤིན་ཏུ་དར་རོ། །གསའ་བུའི་ཡ་གྲོང་མ་གྲོང་བར་འཁྲུག་རྩོད་བྱུང་བ་ཙམ་ན་དགོན་པ་དང་རི་ཁྲོད་རྣམས་ཀྱང་སྟོང་པར་མངོན། དཔལ་ལྡན་མཁྱེན་རབ་ཀྱིས་སློབ་མར་སྤྱོད་འཇུག་ཚར་བཅུ་གསུམ་གསུངས། ཐང་ཤིང་འོག་ཏུ་དབྱར་གནས་བཞུགས་སྐབས་དབྱར་ཁས་ལེན་མཁན་དགེ་སློང་བཅུ་དྲུག་འདུས། བླ་མས་གནས་བརྟན་བཅུ་དྲུག་གི་གྲངས་དང་ཚུལ་མཐུན་པས་རྟེན་འབྲེལ་བཟང་། མ་འོངས་པ་ན་ཆོས་འདུལ་བའི་བསྟན་པ་དར་བ་འོང་ཞེས་ལུང་བསྟན། གནོད་སྦྱིན་ཛམ་ནག་གི་སྤྲུལ་པར་གྲགས་པ་འགག་ཚབ་རིག་འཛིན་གྱིས་རང་གི་ས་ཆ་ལ་དགོན་པ་ཆུང་ངུ་ཞིག་བཞེངས་ན་ལེགས་ཚུལ་གསུང་བས་ཉག་སྐེད་དཔོན་གྱིས་དེ་བཞིན་ཆོག་ཅེས་གནང་བ་སྦྱིན། དེ་ནས་དབྲུ་མདོ་དང་གྱིར་མདོ། བྲག་རྫོང་མདོ་གསུམ་ས་སྣ་གསུམ་ཐུམ་བྱས་ཏེ་རྫོགས་ཆེན་མི་འགྱུར་ནམ་མཁའི་རྡོ་རྗེའི་མདུན་ཁྱེར་ནས་ལུང་བསྟན་ཞུ་སྐབས། ཁོང་གིས་དབྲུ་མདོར་ཆགས་ན་དུས་གཅིག་ལ་བླ་མ་གསེར་ཞྭ་ཅན་བརྒྱ་རེ་དང་གྱིར་མདོ་ལ་ཆགས་ན་སྔགས་པ་ཕུར་ཐོགས་ཅན་བརྒྱ་རེ། བྲག་རྫོང་མདོར་ཆགས་ན་དགེ་སློང་ཆོས་གོས་ཅན་བརྒྱ་རེ་འབྱུང་གསུངས་པས་འགག་ཚ་རིག་འཛིན་གྱིས་བསྟན་རྩ་དགེ་སློང་ཉིད་ཡིན་ན། །དགེ་སློང་ཉིད་ཀྱང་དཀའ་བར་གནས། །ཞེས་སྤྱོད་འཇུག་ལས་གསུངས་པ་བཞིན་འདིར་དགའ་གསུངས་པས་གྲོས་ཁ་མཐུན་ནས་གཙུག་ལག་ཁང་རྟེན་དང་བརྟེན་བ་བཅས་བཞེངས་ཏེ་མཚན་ལུང་རྟོགས་བསྟན་དར་གླིང་གསོལ། ནང་རྟེན་གཙོ་བོ་རིག་འཛིན་ཆོས་རྒྱལ་གླིང་བའི་གནམ་ལྕགས་རྡོ་རྗེ་གཏེར་མ་དང་། ཉང་ཏིང་འཛིན་བཟང་པོའི་ཆོས་གོས། ཁང་གདོང་མགོན་པོ་དབང་རྒྱལ་གྱིས་བྲག་རྫོང་ནས་གཏེར་བླངས་པའི་སྒྲོལ་མའི་སྐུ་དང་། ཐུབ་པ་འབྲུམ་བཞེས་མ་སོགས་ཡོད། ས་ག་ཟླ་བའི་ནང་བསྙུང་གནས་ཆ་བརྒྱད་དང་དབྱར་ཟླ་ཐ་ཆུང་དབྱར་གནས་བཅས་ལེགས་པར་བཙུགས། དེ་རྗེས་གདན་ས་སྐྱོང་བ་པོ་གནུབས་ཟུར་མཁན་པོ་ཐུབ་བསྟན་བསྐལ་བཟང་རྒྱ་མཚོ་ཡིན། རབ་བྱུང་བཅོ་ལྔ་པའི་ཆུ་མོ་ལུག་གི་ལོ་ལ་སྔོན་གྱི་འདུ་ཁང་ཟུར་ནས་གཙུག་ལག་གསར་བ་ཞིག་བཞེངས། རབ་བྱུང་ ༡༦ པའི་ནང་མེ་ཤོར་ཏེ་གཙུག་ལག་ཁང་གི་ཕྱིའི་བཀོད་པ་ཐམས་ཅད་མེས་འཇིག་དེ་ནས་གཙུག་ལག་ཁང་གི་རྣམ་པ་གསར་དུ་བཞེངས། ཚོགས་འདུས་མཆོད་ལ། ཟླ་བ་དང་པོའི་ཚེས་གཅིག་ནས་ཉིན་བདུན་ལ་སྨོན་ལམ། ཟླ་བ་བཞི་པའི་ཚེས་བཅོ་ལྔ་ནས་ཉིན་བཅུ་དྲུག་བར་སྨྱུང་གནས། ཟླ་བ་ལྔ་པའི་ཚེས་གཅིག་ནས་ཉིན་བརྒྱད་ལ་བཀའ་མ་སྒྲུབ་ཁག་བདུན་འཚོགས། ཟླ་བ་དྲུག་པའི་ཚེས་བཅུ་བཞི་ནས་ཉིན་ལྔ་བཅུ་ལ་དབྱར་གནས། སྟོན་ཟླ་བ་དགུ་པའི་ནང་སྤྱི་སྲུང་ཉིན་བཅུ་དང་། བོད་ཟླ་བཅུ་གཉིས་པའི་ནང་དགུ་གཏོར་ཆེན་མོ། གསོ་སྦྱོང་བཅས་རྒྱུན་དུ་ཡོད།

{{#arraymap:གླག་བྲག་རྫོང་དགོན་

|; |@@@ | | }}