13923

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གུ་ཕུ་བླ་མ་ཆོས་དཔལ་རྒྱ་མཚོ་ (1)
Part of speech མིང་ཚིག
Definition ཁོང་ནི། ཁམས་ལྷ་ཐོག་ཀེ་རེ་གོང་དུ། དཔོན་སྐོར་མར། ཡག་ཚའི་རིགས་ཡབ་རྒྱལ་སྲས་ཞེས་པའི་སྲས་སུ། རབ་བྱུང་བཅོ་ལྔ་པའི་ནང་དུ་འཁྲུངས། གཞོན་དུས་ནས་གུ་ཕུ་དགོན་ཐེག་མཆོག་བྱམས་པ་གླིང་དུ་ཆོས་ཞུགས་མཛད། མཚན་ངག་དབང་ཆོས་དཔལ་རྒྱ་མཚོར་གསོལ། དགོན་པའི་ཆོ་ག་ཆོས་སྤྱོད་ལ་བྱང་ཆུབ། བློ་རྩལ་ཆེ་བར་གྲགས། ལན་ཝར་དང་བོད་ཡིག་དབུ་ཅན་དབུ་མེད། ལྷ་རིས་སོགས་ལེགས་པར་མཁྱེན་ཞིང༌། བརྡ་སྤྲོད་དང་སྨན་དཔྱད་སོགས་རིག་གནས་ལའང་མཁས། བླ་མའི་གཙོ་བོར་གྲུབ་དབང་ཤཱཀྱ་ཤྲཱིར་བསྟེན་པས། རྗེ་དེའི་རྣམ་ཐར་ནང་གི་ཞལ་སློབ་གྲས་སུ་གསལ། གཞན་འབྲུ་འཇམ་དབྱངས་གྲགས་པ་སོགས་མཁས་གྲུབ་མང་པོ་བསྟེན་ནས་མདོ་སྔགས་རིག་གཞུང་སྤྱི་དང༌། ཁྱད་པར་རང་ལུགས་གདམས་ངག་བཀའ་རྒྱ་ཅན་ལྔར་གསན་བསམ་མཛད། གྲུབ་དབང་མཆོག་གིས་ཀྱང་བསྟོད་བསྔགས་ཡང་ཡང་གནང༌། དེ་ནས་རང་དགོན་དུ་ཕེབས། ཀུན་གྱིས་བླ་མར་བཀུར་ཞིང༌། དོན་གཉེར་ཅན་རྣམས་ལ་ཁྲིད་གདམས་ངག་ཀྱང་སྤེལ། གུ་ཕུ་ཚེ་ཆོག་སྒྲུབ་དབང་སྐབས་ཤིག་ལ་རྗེ་འདི་དབང་འགྲིམ་དུ་ཕེབས་པར། ཀེ་དཔོན་ཚེ་མེ་ཟེར་བས། ང་གྲྭ་པ་ལ་དབང་མི་ཞུ་ཞེས་བླ་མའི་མཚན་ཉིད་མི་ཤེས་པའི་རྐྱེན་གྱིས་དེ་ཙམ་ཕན་ཐོགས་མ་བྱུང་བའི་ཁར། དགོན་པས་ཀྱང་ཟུར་དུ་དབྱུང་བར་བརྟེན། རྐྱེན་ངན་གྲོགས་སུ་ཤར་ཏེ། སྐུ་ཚེ་སྨད་ལ་རྫོང་རྒྱལ་རི་ཁྲོད་དུ་བཞུགས་པས། མཁས་གྲུབ་རྫོང་རྒྱལ་ཆོས་དཔལ་ཞེས་གྲགས་པ་བྱུང༌། རྩ་རླུང་ལ་ནུས་པ་ཐོན་པའི་རྟགས་སུ། འོ་མ་ཐོད་ཕོར་གང་ཙམ་རྡོ་རྗེས་འདྲེན་ནས་ཤངས་ནས་དངོས་སུ་འབྱིན་ནུས་པ་སོགས་ཉམས་རྟོགས་ཀྱི་རྩལ་ཆེན་རྫོགས། སྐུ་སེ་དགོན་དང་དྷིཿཕུ་དགོན་གྱི་སྒྲུབ་གྲྭ་རྣམས་ལ་ཕྱག་ཆོས་ཀྱི་ཁྲིད་གནང་ནས་སྒྲུབ་དཔོན་མཛད་ཅིང༌། འཛི་སྒར་ནས་ཀྱང་གྲུབ་དབང་དཔག་བསམ་རྒྱ་མཚོ་སོགས་བཀའ་ཆོས་ཞུ་བ་མང་པོ་བྱུང༌། འཛི་སྒར་སྒྲུབ་དཔོན་མཁས་གྲུབ་སངས་རྒྱས་ཕྲིན་ལས་ཀྱི་ཀློག་སློབ་པའི་སློབ་དཔོན་དང༌། འཛི་སྒར་མཁན་ཆེན་དོན་བརྒྱུད་ཉི་མའི་བསྲེ་འཕོའི་འཁྲུལ་འཁོར་སློབ་པའི་བླ་མ་ཡིན། ཞལ་སློབ་གཞན་ཡང་གུ་ཕུ་བཀྲ་ཤིས་དཔལ་འབྱོར། དྷིཿཕུ་སྒྲུབ་བླ་གུར་དྲག སྤྲུལ་སྐུ་ཤེས་བྱ་རབ་འཕེལ། བླ་རྒན་བློ་གསལ། རྟོགས་ལྡན་མཁས་མཆོག གུ་ཕུ་བྱམས་སྤྲུལ་བརྒྱད་པའི་གདུང་སྲས་ངག་དབང་རྒྱ་མཚོ་སོགས་བྱུང༌། རྩོམ་ཆོས་ནི། ཆོས་དྲུག་གི་ཁྲིད་ཡིག་ཀུན་མཁྱེན་ཞལ་ལུང་དང༌། ཕྱག་ཆེན་དངོས་གཞིའི་ཁྲིད་ཡིག ཤཱཀྱ་ཤྲཱིའི་རྣམ་ཐར་སོགས་བཞུགས་པའོ། །

{{#arraymap:གུ་ཕུ་བླ་མ་ཆོས་དཔལ་རྒྱ་མཚོ་

|; |@@@ | | }}