13938

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གུ་ཕུ་མཁྱེན་བརྩེ་གཉིས་པ་མཁྱེན་བརྩེ་ངག་དབང་ཆོས་རྒྱལ་ (1)
Part of speech མིང་ཚིག
Definition གུ་ཕུ་མཁྱེན་བརྩེ་སྐུ་ཕྲེང་གཉིས་པ་ངག་དབང་ཆོས་ཀྱི་རྒྱལ་པོ་ནི། བོད་ལྗོངས་འཇོ་མདའ་རྫོང་ཀེ་རེ་སྒང་། དགེ་ཕྱུག་ཚང་དུ་ཡབ་བསོད་ནམས་ལྷུན་འགྲུབ་དང་ཡུམ་ཚེ་བརྟན་སྒྲོལ་མ་གཉིས་ཀྱི་སྲས་སུ་ལྕགས་རྟ་ ༡༩༣༠ ལ་མངལ་གྱི་ཕྲུ་མ་དཀར་པོའི་ནང་དུ་རྡོ་རྗེ་སྐྱིལ་སྐྲུང་མཛད་ཅིང་སྐུ་བལྟམས། སྐུ་ན་ཆུང་བའི་དུས་ནས་ཡི་གེ་འབྲི་ཀློག་ཚེགས་མེད་དུ་མཁྱེན། དགུང་ལོ་ལྔ་ནས་དྲུང་རམ་རྒྱལ་བ་སྤྲུལ་སྐུའི་མདུན་ནས་སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་བཞེས། དགུང་ལོ་བཅུ་ལོན་སྐབས་དྲུང་རྒྱལ་སྤྲུལ་མདུན་ནས་དབང་དང་གདམས་ངག་མང་དུ་གསན། དགུང་ལོ་བཅུ་གཅིག་ཐོག་གུ་ཕུ་དགོན་དུ་ཚོགས་སྒྲིགས་ལ་ཞུགས་ཏེ་འབྲུག་ལུགས་ཀྱི་ཆོ་ག་ཕྱག་ལེན་བསླབས། བཅོ་བརྒྱད་ཐོག་དཔལ་སྤུངས་དགོན་དུ་བཀའ་འགྱུར་གྱི་ལྗགས་ལུང་ཞུས། སྔོན་གྱི་སྨོན་ལམ་གྱི་དབང་གིས་ནུབ་གཅིག་རྨི་ལམ་དུ་པཎྜི་ཏ་པཎ་ཞྭ་རྣ་རིང་གསོལ་བ་ཞིག་གིས་ད་ལྟ་བི་མ་མི་ཏྲ་བོད་དུ་བྱོན་པས་ཁྱོད་ཀྱིས་ཚིག་ལ་མ་བལྟ་དོན་ལ་ལྟོས་ཞེས་ལུང་བསྟན་གྱི་ཚུལ་དུ་བྱུང་བས། རྫོང་སར་ཕེབས་དུས། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱིས་ཐུན་མོང་མ་ཡིན་པའི་བརྩེ་གཟིགས་གནང་། དེར་ལོ་མང་བཞུགས་ཏེ་མཁྱེན་བརྩེའི་མདུན་ནས་དབང་ལུང་ཁྲིད་མན་ངག་དང་བཅས་པ་མ་ལུས་པར་ཞུས། མཚན་ངག་དབང་ཆོས་ཀྱི་རྒྱལ་པོ་ཞེས་གསོལ། དེ་ནས་བླ་མའི་བཀའ་བཞིན་རོང་མེ་དཀར་མོ་སྟག་ཚང་དུ་སྒྲུབ་དཔོན་དུ་ལོ་བཞི་ཙམ་བཞུགས་པས་གྲུབ་པའི་གོ་འཕང་མཐོན་པོར་བསྙེགས། དགུང་ལོ་ཉེར་བཞི་ཐོག་བླ་མས་ང་ཡི་བསྟན་པ་ཁྱོད་ཀྱིས་འཛིན་དགོས། བསྟན་འགྲོ་ལ་ཕན་ཐོགས་རྒྱ་ཆེན་པོར་འབྱུང་གསུངས་ནས། བཀྲ་ཤིས་ལྷ་རྩེའི་འོག་མིན་འཆི་མེད་གྲུབ་པའི་དགའ་ཚལ་དུ། རྒྱལ་ཚབ་བསྟན་འཛིན་ཆེན་པོར་མངའ་གསོལ་ཞིང་། བཀའ་བབ་བདུན་ལྡན་པདྨ་འོད་གསལ་མདོ་སྔགས་གླིང་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྤྲུལ་པ་ལྔ་ལས། གསང་བ་གསུང་གི་སྤྲུལ་པ་རུ་ངོས་འཛིན་གནང་བས། གསུང་སྤྲུལ་མཁྱེན་བརྩེ་ངག་དབང་ཆོས་རྒྱལ་ཞེས་གྲགས། རྗེ་འདི་ཉིད་ལ་ཟབ་གཏེར་གྱི་བཀའ་བབ་མང་ཙམ་བཞུགས་པ་ངེས་ཀྱང་རྟེན་འབྲེལ་ཅུང་དམན་པས་ཇི་བཞིན་རྩལ་འདོན་གནང་བའི་གཏེར་ཆོས་མ་བྱུང་ཡང་། དགོང་གཏེར་ཚེ་བདག་གི་སྐོར་དང་། ཕུར་པ། ཞལ་གདམས། གསོལ་འདེབས་བཅས་པོད་ཁ་ཤས་བཞུགས་ཀྱང་དུས་འགྱུར་གྱི་དབང་གིས་གུ་རུའི་གསོལ་འདེབས་ཤིག་མ་གཏོགས་གཞན་རྣམས་མ་མཇལ། དགུང་ལོ་སོ་གཉིས་ཐོག་རང་དགོན་དུ་བྱོན་ཏེ། གནས་ཀེའི་རྟ་མགྲིན་ཡང་གསང་ཕུག་ཏུ་ཕྱག་རྒྱ་ཆེན་པོའི་སྒྲུབ་པའི་རྒྱལ་མཚན་བསྒྲེངས་ཏེ་བཞུགས་པར། ཞབས་ཀྱི་རྗེས་ཕུག་པའི་ནང་བྱོན་ཡོད་ཚུལ་རྒན་པ་མཇལ་མྱོང་མཁན་མང་པོས་བཤད་པ་ལས་ཐོས། རྒྱ་དམར་གྱི་དུས་ཟིང་སྐབས། བཙོན་ཁང་དུ་ཚུད་དེ་དགུང་གྲངས་སོ་བརྒྱད་ས་སྤྲེལ་ ༡༩༦༨ ལ་ཀོང་པོའི་བཙོན་ཁང་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ།

{{#arraymap:གུ་ཕུ་མཁྱེན་བརྩེ་གཉིས་པ་མཁྱེན་བརྩེ་ངག་དབང་ཆོས་རྒྱལ་

|; |@@@ | | }}