13975

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གུ་རུ་ཆོས་དབང་ (1)
Part of speech མིང་ཚིག
Definition གསང་སྔགས་སྔ་འགྱུར་རྙིང་མའི་གཏེར་ཁ་འོག་མར་གྲགས་པ་ཐོག་མར་དར་སྤེལ་མཛད་པ་པོ་ཡིན། ལྷོ་བྲག་ལ་ཡག་ཁུལ་དུ་ཡབ་སྔགས་འཆང་སྤང་སྟོན་གྲུབ་པའི་སྙིང་པོ་དང༌། ཡུམ་དཀར་བཟའ་མགོན་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཞི་པའི་ཆུ་སྤྲེལ་ཕྱི་ལོ་ ༡༢༡༢ ལོར་སྐུ་འཁྲུངས། ཡབ་ཀྱིས་འཇམ་དཔལ་མཚན་བརྗོད་གསེར་ཡིག་ཞིག་བྲི་བཞིན་ཡོད་པའི་ཚིག་མཚམས། ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ་ཞེས་པའི་སྐབས་སུ་སླེབས་པ་དང་སྲས་འཁྲུངས་པ་དུས་མཉམ་པར་བརྟེན་མཚན་ལ་ཆོས་ཀྱི་དབང་ཕྱུག་ཅེས་གསོལ། དགུང་ལོ་བཞི་ནས་ཡབ་ཀྱིས་ཡི་གེ་འབྲི་ཀློག་དང༌། སྒྲ་རིག་པའི་བསྟན་བཅོས། སྐར་རྩིས། གསོ་བ་རིག་པ། ལོ་རྒྱུས། སྒྲུང་དང་ཟློས་གར། བོན་གཞུང༌། གསང་སྔགས་གསར་རྙིང་སོགས་ཐོས་པ་རྒྱ་ཆེར་མཛད། དགུང་ལོ་བཅུ་བཞི་ནས་བཅུ་དྲུག་བར། ཚད་མ་དང་ཕར་ཕྱིན། དབུ་མ། སྤྱོད་འཇུག ཕྱག་ཆེན། ཞི་བྱེད། རྫོགས་ཆེན་ལ་སོགས་པར་སློབ་གཉེར་དང་གསན་བསམ་མཛད། དགུང་ལོ་བཅུ་བདུན་པ་ལ་མངའ་བདག་ཉང་ཉི་མ་འོད་ཟེར་གྱི་སྲས་འགྲོ་མགོན་དང་མཇལ་ནས་ཉང་གི་གཏེར་ཆོས་མཐའ་དག་གསན། དགུང་ལོ་ཉེར་གཉིས་པ་ཆུ་སྦྲུལ་ ༡༢༣༣ ལོར་ལྷོ་བྲག་གནམ་སྐས་བྲག་ནས་གདམས་སྐོར་བཞི་དང༌། མན་ངག་བརྒྱ་རྩ་བརྒྱ་སོགས་གཏེར་འདོན་གནང་མཛད། བླ་རྫོགས་ཐུགས་གསུམ་གྱིས་མཚོན་པའི་གཏེར་ཁ་བཅོ་བརྒྱད་ཀྱི་བདག་པོར་གྱུར། སློབ་མ་སྐལ་ལྡན་མང་པོར་སོ་སོའི་སྐལ་བ་དང་འཚམས་པའི་ཆོས་དང་མན་ངག་གནང༌། ཉམས་རྟོགས་འཕྲལ་འཕྲལ་དུ་སྐྱེས། གཙང་གི་ཚོང་འདུས་མགུར་མོའི་ལྷ་ཁང་དང༌། བསམ་འགྲུབ་བདེ་ཆེན་གྱི་ལྷ་ཁང༌། ལྷོ་ལ་ཡག་གུ་རུ་ལྷ་ཁང་བཅས་གསར་བཞེངས་གནང་ནས། ལ་ཡག་གུ་རུ་ལྷ་ཁང་དུ་གཙོ་བོའི་བཞུགས་ཡུལ་མཛད། མཐར་དགུང་ལོ་ང་དགུ་པ་རབ་བྱུང་ལྔ་པའི་ལྕགས་རྟ་ཕྱི་ལོ་ ༡༢༧༠ ལོར་སྐུ་གཤེགས།

{{#arraymap:གུ་རུ་ཆོས་དབང་

|; |@@@ | | }}