14497

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གོང་དཀར་རྡོ་རྗེ་གདན་ (1)
Part of speech མིང་ཚིག
Definition མཚན་རྒྱས་པར། གོང་དཀར་རྡོ་རྗེ་གདན་གསང་ཆེན་མི་འགྱུར་བདེ་བ་ཆེན་པོའི་གཙུག་ལག་ཁང་དང་། དེང་སང་། གོང་དཀར་ཆོས་སྡེ་ཞེས་གྲགས་ཤིང་། དཔལ་ལྡན་ས་སྐྱའི་གདན་ས་ཆེན་པོ་བཞིའི་ཡ་གྱལ་རྫོང་པའི་གདན་ས་ཡིན། འདི་ནི་དབུས་གཙང་རུ་བཞི་ལས་གཡོ་རུའི་ཆ། དེང་སང་ལྷོ་ཁ་གོང་དཀར་དུ། རབ་བྱུང་བརྒྱད་པ། ཕྱི་ལོ་ ༡༤༦༤ ལོར། གོང་དཀར་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་གྱིས་ཐོག་མར་ཕྱག་བཏབ། དེ་ཡང་ཐོག་མར་ཇོ་བོ་རྗེས་གནས་དེར་ཆོས་སྡེ་ཆེན་པོ་ཆགས་པར་ལུང་བསྟན་པ་དང་། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་བཀོད་པར་བཞེངས། གཙུག་ལག་ཁང་ཀ་ཆེན་བརྒྱ་དང་སུམ་བཅུའི་ས་ལ། དྲི་གཙང་ཁང་ཀ་ཆེན་བཞི། མགོན་ཁང་ཆེན་མོ། འཇིགས་བྱེད་ལྷ་ཁང་། ལམ་འབྲས་ལྷ་ཁང་ལ་སོགས་མང་བ་དང་། དེའི་ནང་བདག་ཅག་གི་སྟོན་པའི་སྐྱེས་རབས། རྫོང་ལུགས་ལམ་འབྲས་བླ་བརྒྱུད། དུས་འཁོར། གསང་འདུས། ཀྱཻ་རྡོར་ལ་སོགས་ཀྱི་བླ་མ་བརྒྱུད་པ་དང་བཅས་པ་བྲིས་འབུར་བྱོན་ལེགས་པས་ཡོངས་སུ་གཏམས། ཁྱད་འཕགས་ཀྱི་རྟེན་ལ། པཎ་ཆེན་གྷ་ཡ་དྷ་རའི་དབུ་ཐོད་ཨ་ཡིག་རང་བྱོན་བྱིན་ཅན། ཀུན་མཁྱེན་རྡོ་རྗེ་གདན་པ་ཆེན་པོའི་སྐུ་གདུང་མཆོད་རྟེན་སོགས་ཤིན་ཏུ་མང་། གདན་ས་འདིའི་ཐོས་བསམ་འཆད་ཉན་ལ། གོང་དཀར་རྡོ་རྗེ་གདན་པ་རིམ་བྱོན་དང་། ཚོགས་ཆེན་མཁན་པོ། ཁང་ཚན་སོ་སོའི་མཁན་པོ་དང་། ཟུར་འཆད་པ་རྣམས་པས། རྫོང་པའི་ལམ་འབྲས་གཙོས་མདོ་སྔགས་ཀྱི་གཞུང་ཆེན་སོགས་རྫོང་པ་གོང་དཀར་བའི་ཐུན་མོང་མ་ཡིན་པའི་ཕྱག་བཞེད་དར་སྤེལ་དང་ཉམས་བཞེད་མཛད་ཅིང་། གདན་ས་འདི་ནས་བྱོན་པའི་མཁས་གྲུབ་ཀྱང་། མཁས་གྲུབ་རིག་པའི་གློག་ཕྲེང་། ཡོངས་འཛིན་ཤཱཀྱ་ཀུན་དགའ། ཐུགས་སྲས་ཀུན་དགའ་རྒྱལ་པོ། འབྲས་སྤུངས་པ་ཀུན་མཁྱེན་ཚེ་དབང་བཀྲིས། གོང་དཀར་རྡོ་རྗེ་འཆང་རྗེ་ཉི་མ་གླིང་པ། གོང་དཀར་རྣམ་གྲོང་རྡོ་རྗེ་འཆང་སོགས་མང་དུ་བྱོན་པ་དང་། དེ་དག་གི་ཁང་ཚན་བཞི་སྟེ། རིན་ཆེན་སྒང་། ཀུན་ཐང་། འབྲས་སྤུངས། ཀུན་བཟང་རྩེ་ལ་སོགས་པས་གདན་ས་ཉིད་རྒྱ་བསྐྱེད་མཛད། ཐོག་མར་དགེ་འདུན་གྱི་སྡེ་སྟོང་ཕྲག་བརྒལ་བ་དང་། རབ་བྱུང་བཅུ་པའི་ནང་དུ་དགེ་འདུན་བརྒྱད་བརྒྱ་ལྷག་སོགས་འཕེལ་རིམ་སྣ་ཚོགས་བྱུང་ཡོད། འདིའི་བསྟན་རྒྱུན་ཡང་། གཞུང་སྤྲེ་ཤིང་། གྲྭ་ཐང་གཙུག་ལག་ཁང་དང་། སྙེ་ཐང་བཀྲིས་སྒང་ཆོས་སྡེ། ལྷ་ས་རྨེའུ་རྙིང་མགོན་ཁང་། མདོག་ལུ་ཕུ་དགོན་སོགས་མང་དུ་མཆིས་ཞིང་། ཚར་ལུགས་ལ་ཡང་གོང་དཀར་ལུགས་ཀྱི་ཕྱག་བཞེད་ཀྱིས་ཁྱབ་ཡོད། འོན་ཀྱང་ཕྱི་ལོ་ ༡༩༥༩ དང་རིག་གསར་སྐབས་ཕྱི་ནང་ཀུན་ལ་སྟོར་སྐྱོན་ཆེན་པོ་བྱུང་བ་དང་། སླར་གཟིམ་ཤག་ཤར་གྱི་མཁན་ཆེན་མཐུ་སྟོབས་འཇིགས་མེད་དང་། ལྷ་དབང་གླིང་པ་ངག་དབང་བསྟན་དར་སོགས་དགེ་བའི་བཤེས་གཉེན་རྣམས་པའི་ཐུགས་བསྐྱེད་ལས། ཕྱི་ནང་གི་རྟེན་དང་རྫོང་པའི་ཕྱག་བཞེད་དང་བཅས་པ་མི་ཉམས་པར་སླར་གསོ་མཛད་བཞིན་པ་བཅས་སོ། །

{{#arraymap:གོང་དཀར་རྡོ་རྗེ་གདན་

|; |@@@ | | }}