14873

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངག་དབང་ཆོས་གྲགས་རྒྱ་མཚོ་ (1)
Part of speech མིང་ཚིག
Definition མང་ཡུལ་སྐྱིད་གྲོང་གྲྭར། ཆོས་རྗེ་ངག་དབང་ཡེ་ཤེས་ཀྱི་གཅུང་དུ། རབ་བྱུང་བཅུ་གཉིས་པའི་ཆུ་སྟག་ ༡༧༢༢ ལོར་སྐུ་འཁྲུངས། མཚན་ངག་དབང་ཆོས་གྲགས་རྒྱ་མཚོར་གསོལ། ཆུང་ངུའི་སྐབས་ཁམ་བུ་སྒྲིལ་མ་དགོན་གྱི་ལོ་རྒྱུས་སོགས་སྔོན་གནས་རྗེས་དྲན་གྱི་གསུང་མང་དུ་གནང་བས། འབའ་རའི་སྐུ་སྤྲུལ་བཞི་པ་རིན་ཆེན་བསྟན་པའི་གསལ་བྱེད་ཀྱི་སྐུ་ཞང་གྲུབ་ཆེན་ངག་དབང་རྒྱལ་མཚན་གྱི་སྤྲུལ་སྐུར་གྲགས། ཀརྨ་པ་བྱང་ཆུབ་རྡོ་རྗེ་ལ་གཙུག་ཕུད་ཕུལ། མཚན་ཀརྨ་ཆོས་དབྱིངས་སུ་གནང། ཉེར་བདུན་ལ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་གྱི་དྲུང་དུ། སྨད་འདུལ་གྱི་སྡོམ་རྒྱུན་ལྟར་བསྙེན་པར་རྫོགས། མཁན་པོ་དེ་ཉིད་ལས་སྡོམ་པ་ཉི་ཤུ་པ། བླ་མ་ལྔ་བཅུ་པ། བྱང་ཆུབ་ལམ་རིམ་བདེ་ལམ་གྱི་སྟེང་ནས་ཁྲིད་གསན། གཙོ་བོར་ཀུན་མཁྱེན་ངག་དབང་ཡེ་ཤེས་ལས། སྨིན་གྲོལ་ལུང་ཆོས་ཐམས་ཅད་དང་། ཁྱད་པར་ཡབ་རྗེའི་གཏེར་ཆོས་ཆ་ཚང་བར་ཐོབ་ཅིང་། ཀཿཐོག་རིག་འཛིན་ཆེན་པོ་ལ། དུས་འཁོར། བདེ་མཆོག། ཀློང་གསལ་མཁའ་འགྲོ་སྙིང་ཐིག། བྱང་གཏེར་རྡོ་རྗེ་ཕུར་པའི་དབང་། དཀོན་མཆོག་སྤྱི་འདུས་ཀྱི་དབང་ལུང་སོགས་དང་། སྨིན་གླིང་ཁྲི་ཆེན་རིན་ཆེན་རྣམ་རྒྱལ་ལ། གུར་དྲག་གི་དབང་བཞི། རྡོར་སེམས་ཐུགས་སྒྲུབ་སོགས་གསན། གཞན་ཡང་སི་ཏུ་པཎ་ཆེན་བསྟན་པའི་ཉིན་བྱེད། ཀུ་ཐང་གྲུབ་མཆོག་པདྨ་དབང་འདུས། གྲུབ་དབང་ཀརྨ་དཔལ་ལྡན་སོགས་མཁས་གྲུབ་ཀྱི་དམ་པ་མང་པོ་བསྟེན་ནས་གསར་རྙིང་གི་གདམས་པ་གྲངས་མེད་གསན་སྦྱངས་གནང་། དགུང་ལོ་བཅོ་ལྔ་ཙམ་ནས་བཟུང་སྟེ། སྔོན་འགྲོ་བཞི་སྦྱོར་འབུམ་ཐེར་བཅས་པའི་བསགས་སྦྱོང་དང་། བདེ་མཆོག་ལྷན་སྐྱེས། མི་འཁྲུགས་པ། རྟ་མགྲིན་ཡང་གསང་། ཕྱག་རྡོར་འབྱུང་འདུས། གུར་དྲག ཕག་མོ་ཞལ་གཉིས། མགོན་པོ་ཕྱག་བཞི་པ་སོགས་ཡི་དམ་ཆོས་སྐྱོང་སོ་སོའི་ལྗགས་བསྙེན་གྲངས་ཐེམས་མཛད། དཔལ་བཀྲ་ཤིས་ཆོས་གླིང་གི་གདན་སར་ཡུན་རིང་བཞུགས་ཤིང་། སོ་བདུན་ལ་ལྷོ་བྱང་འདོད་མཐུན་གྱིས་ཞུས་དོན་བཞིན་འབའ་རའི་གདན་ས་མཛད། ཕྱག་ཆེན་སོགས་བཀའ་ཆོས་སྨར་བར་གནང་། ལྷོ་སྤ་གྲོ་འབྲང་རྒྱས་དགོན་དུའང་བྱོན། སྐུ་བསོད་དང་སྙན་གྲགས་ཀྱང་ཆེར་རྒྱས། འབའ་རའི་གདན་སར་ལོ་ཤས་བཞུགས་པའི་མཐར། དེར་བླ་ཚབ་ཏུ་སྐུ་ཚ་རྗེ་དྲུང་དཔལ་འབྱོར་རྒྱལ་མཚན་བཞུགས་སུ་གསོལ་ཏེ། མང་ཡུལ་སྐྱིད་གྲོང་རང་གི་གདན་སར་བྱོན། དེ་ནས་ཡོན་བདག་རྣམས་ཀྱིས་ལུགས་གཉིས་ཀྱི་སྒོ་ནས་འཛིན་སྐྱོང་གནང་དགོས་ཞུས་པ་ལྟར། མཛད་པ་སྐྱོང་བཞིན་པའི་མུར། དགུང་ལོ་ཞེ་བརྒྱད་པ་ས་གླང་ ༡༧༦༩ ལོའི་ཟླ་བ་གཉིས་པའི་ཚེས་བརྒྱད་ལ་གཟུགས་སྐུའི་བཀོད་པ་བསྡུས་སོ། །སློབ་མའི་གཙོ་བོ་ནི། གྲོ་མོ་བཀའ་བརྒྱུད་དགོན་གསར་གྱི་གྲུབ་ཐོབ་སྤྲུལ་སྐུ་བསྟན་འཛིན་ཉི་ཟླའི་ཡང་སྲིད་ངག་དབང་ཆོས་ཀྱི་རྒྱ་མཚོ་དཔལ་བཟང་པོ་དང་། སྒོམ་ཆེན་བཀའ་བརྒྱུད་ཆོས་འཕེལ་གཉིས་ཡིན་ནོ། །ཆོས་རྗེ་སྨན་སྒོམ་པས་ཀྱང་འདི་ལས་སྨིན་གྲོལ་གྱི་རིམ་པ་མང་པོ་གསན་ཞིང་། གདུང་སྲས་རིན་པོ་ཆེ་ངག་དབང་དཔལ་ལྡན་ཞེས་བྱ་བའང་བྱུང་ངོ་། །

{{#arraymap:ངག་དབང་ཆོས་གྲགས་རྒྱ་མཚོ་

|; |@@@ | | }}