14876

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངག་དབང་ཆོས་འཕེལ་རྒྱ་མཚོ་ (1)
Part of speech མིང་ཚིག
Definition འཛི་ཡུལ་རབ་ཁ་ཞེས་པར་ཡབ་མགོ་ལོག་རྡོ་རྗེ་འབུམ་དང་། ཡུམ་ལྕགས་ཟ་ཀླུ་མོ་རྒྱལ་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༧༨༨ ས་སྤྲེལ་ལོར་སྐུ་འཁྲུངས། སྐུ་ན་ཕྲ་བའི་སྐབས་སུའང་ཆོས་སྒྲུབ་འདོད་ཆེ་ཞིང་དགུང་ལོ་བཅུ་སྐོར་ཞིག་ཏུ་ལྐོག་བྲོས་ཀྱིས་འཛམ་ཐང་གཙང་ཆེན་སྤྲུལ་སྐུ་དཀོན་མཆོག་འཇིགས་མེད་རྣམ་རྒྱལ་གྱི་དྲུང་དུ་སླེབས་ནས་སྐྱབས་འགྲོ་དང་ཚངས་སྤྱོད་དགེ་བསྙེན་གྱི་སྡོམ་པ་ཞུས་ཏེ་མཚན་ལ་ངག་དབང་ཆོས་འཕེལ་རྒྱ་མཚོ་ཞེས་གསོལ། དེ་ནས་བཟུང་གཙང་བ་ཉིད་བླ་མར་བསྟེན་ནས་དུས་འཁོར་དབང་མོ་ཆེ་ཡོངས་རྫོགས། རྒྱུད་སྡེའི་བཤད་ཁྲིད་ཟབ་ཁྱད་ཅན་དུ་མ་ཞུས་ལ། སྐུ་དབོན་ལྷུན་གྲུབ་རྒྱ་མཚོའི་དྲུང་ནས་སྦྱོང་རྒྱུད་དང་། རྒྱུད་སྡེ་ལྔ་པ། དུས་འཁོར་དབང་དང་མགོན་པོའི་རྗེས་གནང་དེའི་མན་ངག་པོ་ཏི་མེ་འབར་གྱི་ལུང་བཅས་གསན། དགུང་ལོ་ཉེར་གཉིས་སྐོར་ལྷ་ཚེ་བླ་མ་ངག་དབང་རྒྱལ་མཚན་གྱི་མདུན་ནས་སྦྱོར་དྲུག་གི་ཟབ་ཁྲིད་ཞུས། གཞན་ཡང་དབོན་སངས་རྒྱས་རྒྱ་མཚོ། ཡོངས་འཛིན་དྲི་མེད་ཟུང་། རྫོགས་ཆེན་པདྨ་ཀློང་གྲོལ། བོ་ཆུང་མཚན་བཟང་། ཀླུ་སྒྲུབ་པ། ཀརྨ་དྲི་མེད་སོགས་རིས་མེད་ཆོས་བརྒྱུད་ཀྱི་བཤེས་གཉེན་ལ་བསྟེན་ཏེ་ཆོས་གསན་མཛད། སློབ་དཔོན་གང་ཉིད་སྐབས་འགར་མ་གཏོགས་གཙང་བ་སྐུ་ཕྲེང་གསུམ་པའི་སྐུ་ཞོགས་སུ་རྒྱུན་འབྲང་གིས་ཞབས་ཕྱི་གནང་ཞིང་། དགུང་ལོ་ལྔ་བཅུའི་སྟེང་ཙམ་ན་གཙང་ཆེན་བླ་མ་ཉིད་ཀྱི་རྒྱལ་ཚབ་ཏུ་མངའ་གསོལ་མཛད་ནས་ཁོང་ཉིད་དགོངས་པ་རྫོགས་རྗེས་ལོ་གསུམ་ལ་ནེེ་གུའི་ཟབ་ལམ་ཉམས་བཞེས་དང་བཅས་དེ་ནས་རིམ་པར་གཙང་བའི་གདན་ས་ལེགས་པར་བསྐྱངས་གནང་མཛད། བར་སྐབས་འདུས་པ་ཆེས་མང་པོ་ལ་མི་འཁྲུགས་པ་སོགས་ཀྱི་ཁྲོམ་དབང་མཛད་སྐབས་དབང་ཉན་པ་ཞ་བོ་དང་། ལོང་བ། སྒུར་བོ་སོགས་གདོན་ནད་ཅན་སོགས་རང་རང་ཉེར་འཚེ་མི་འདོད་པ་ལས་ཐར་བ་བསྙོན་མེད་བྱུང་། རྔ་ཡུལ་ཕྱོགས་ཀྱི་ཇོ་ནང་ས་སྐྱ་དགེ་ལུགས་སོགས་མ་ཟད་བོན་པོ་ཚུན་གྱི་ཆོས་སྡེ་ནས་འོང་བའི་འདུས་པ་སྟོང་ཕྲག་བདུན་ལྷག་ལ་ཐམས་ཅད་རིག་པ་དང་། ཚེ་ཆོག་སོགས་ཀྱི་དབང་བཀའ་བསྐུར་གནང་། སློབ་དཔོན་གང་ཉིད་ཨ་སྐྱོང་གོང་མས་གདན་དྲངས་ཏེ་དོམ་ཚ་བླ་མ་རིག་འཛིན་སོགས་འདུས་སྡེ་མང་པོ་ལ་དུས་འཁོར་དབང་ཆེན་སོགས་ཟབ་བཀའ་རེ་འདོད་བཞིན་དུ་ཚིམ་པར་མཛད། མཐར་ཕྱི་ལོ་ ༡༨༦༥ ཤིང་མོ་གླང་གི་ལོར་དགོངས་པ་རྫོགས། ཁོང་གི་ཐུགས་སློབ་ཀྱི་གཙོ་བོ་ཝ་འབྲོ་མགོའི་བླ་མ་ངག་དབང་ཆོས་འཕགས་རྒྱ་མཚོ་དང་། ལྷ་བ་བླ་མ་ཀུན་དགའ་དཔལ་ལྡན། ལྷ་བཟོ་བླ་མ་ངག་དབང་ཆོས་འཛིན། ཁྱི་ལོ་མའི་བླ་མ་ངག་དབང་ཆོས་འབྱོར། ཨ་སྐྱོང་རྒྱ་བླ་མ་ངག་དབང་དཀོན་མཆོག་སོགས་རང་ལུགས་ཀྱི་གསང་ཆེན་རྡོ་རྗེ་འཛིན་པ་དུ་མ་དང་། རྫོགས་ཆེན་དཔལ་སྤྲུལ། གཞི་ཎེན་བེེ་རོ། གུ་རུ་རྡོ་རྗེ། དཔལ་ཆེན་རྡོ་རྗེ་སོགས་སྔགས་རྙིང་ཕྱོགས་ཀྱི་སྐྱེས་ཆེན་མང་པོ་དང་། འཇམ་མགོན་ཀོང་སྤྲུལ། བླ་མ་དམ་པ་ནོར་བཟང་སོགས་རིས་མེད་བསྟན་པའི་མངའ་བདག་ཕྱོགས་ཀྱི་ཐུགས་སྲས་མང་པོ་བྱོན་ཡོད།

{{#arraymap:ངག་དབང་ཆོས་འཕེལ་རྒྱ་མཚོ་

|; |@@@ | | }}