14909

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངག་དབང་རྡོ་རྗེ་བཟང་པོ་ (1)
Part of speech མིང་ཚིག
Definition གཙང་ཆེན་གྱི་རྡོ་རྗེ་སློབ་དཔོན་ངག་དབང་རྡོ་རྗེ་བཟང་པོ་ནི། འཛི་ཡུལ་གྲོང་སྡེ་རབ་ཁ་ཞེས་པར་ཡབ་བདེ་གསལ་དང་ཡུམ་བོ་ཟི་གཉིས་ཀྱི་སྲས་སུ་ཆུ་མོ་སྦྲུལ་གྱི་ལོར་སྐུ་འཁྲུངས། བླ་མ་ཚོགས་འཕེལ་དྲུང་ནས་ཡི་གེ་སློབ་པའི་འགོ་ཚུགས། བཀྲ་ཤིས་ལྷ་རིའི་སྒྲུབ་གནས་སུ་རྡོ་རྗེ་འཆང་ཀུན་དགའ་མཉམ་ཉིད་དཔལ་བཟང་པོ་བཞུགས་པའི་དྲུང་དུ་ཟབ་ལམ་སྦྱོར་བ་ཡན་ལག་དྲུག་གི་སྔོན་འགྲོ་འབུམ་ལྔའི་ཆོས་སྐོར་རྣམས་ལེགས་པར་གསན། རྗེ་བླ་མ་གང་གིས་མཆོག་དབང་སྡོམ་ལུང་སྔོན་དུ་འགྲོ་བ་བཅས་ཀྱི་ཆོས་བཀའ་ལེགས་གནང་གི་དུས་སུ་དམ་པ་འདིའི་མཚན་ལ་ངག་དབང་རྡོ་རྗེ་བཟང་པོ་ཞེས་གསོལ་ཞིང་། དགུང་ལོ་ཉི་ཤུའི་སྟེང་དུ་རྗེ་སྔགས་པ་མཁན་པོ་གོང་བཞུགས་ཀྱི་སྒོས་བརྟན་མཁས་མཆོག་དགེ་སློང་བསོད་ནམས་བཟང་པོའི་དྲུང་ནས་རབ་བྱུང་སོ་ཐར་གྱི་དགེ་ཚུལ་སློང་གི་སྡོམ་པ་བཞེས། དགུང་ལོ་ཉེར་གཅིག་གི་དུས་སུ་རབ་ཁ་བླ་མ་ཀུན་དགའ་མཁས་གྲུབ་དབང་པོ་རྡོ་རྗེ་སློབ་དཔོན་དུ་བསྟེན་ནས་ལོ་གཅིག་ལ་སྦྱོར་དྲུག་ཉམས་ལེན་མཛད། དགུང་ལོ་ཉེར་གཉིས་པར་རྗེ་བླ་མའི་ཞབས་དྲུང་སྒྲུབ་གནས་སུ་སླར་ཡང་སྦྱོར་དྲུག་ཏུ་ལོ་གསུམ་བཞུགས་སྐབས། ཀླད་རྗེ་རིན་པོ་ཆེ་སྔགས་པ་རྡོ་རྗེ་འཆང་གིས་བྱིན་རླབས་ཀྱི་དབང་ཁྲིད་གལ་ཆེ་བ་རྣམས་མཛད་པ་ཙམ་ལས་གཞན་དབང་བཀའ་ཆོས་ཁྲིད་ཅི་དགོས་ཐམས་ཅད་རྡོ་རྗེ་འཆང་གཉིས་པ་ངག་དབང་ཚོགས་གཉིས་རྒྱ་མཚོ་དང་དགེ་སློང་རྡོ་རྗེ་འཛིན་པ་ངག་དབང་བསོད་ནམས་བཟང་པོ་གཉིས་ཀྱིས་ལེགས་པར་མཛད། ཡང་ས་དམར་བླ་མ་སྙན་གྲགས་ཀྱི་མདུན་ནས་ཁོང་གིས་དུས་འཁོར་དབང་ཆེན་དང༌། ནཻ་གུ་བཀའ་ཕྱི་ནང་ཡོངས་རྫོགས་སོགས་ཆོས་བཀའ་དུ་མ་ཞིག་གསན། དགུང་ལོ་ཉེར་ལྔ་ལ་རྗེ་སྔགས་པ་གཙོ་བོར་གྱུར་པའི་རྡོ་རྗེ་འཆང་རྣམ་གསུམ་གྱི་དྲུང་ནས་ཟབ་མོ་ཤངས་ཆོས་ཀྱི་དབང་ཁྲིད་ལེགས་པར་གསན། འཛམ་ངོས་རྡོ་རྗེ་འཆང་གི་དྲུང་དུ་ཆོས་བཀའ་ཅི་དགོས་ཉིད་ནས་གསན་ཅིང་རྗེ་དམ་པའི་ཐུགས་སྲས་སུ་གྱུར། དགུང་ལོ་ང་བཞིའི་དུས་སུ་སྦྱོར་དྲུག་པ་ཆོས་བསམ་སོགས་ལ་དུས་འཁོར་དབང་ཆེན་སོགས་ཡང་ཡང་གཟིམས་ཁང་དང་སྒྲུབ་གྲྭ་ཚུན་ལ་གསུངས་པ་ཡིན་ལ། ཕྱི་ལོ་ ༡༩༤༨ ས་ཕོ་བྱི་བའི་ལོར་ཁོང་གིས་ཉིད་ཀྱི་རྒྱལ་ཚབ་ཏུ་ངག་དབང་དཀོན་མཆོག་དར་རྒྱས་བསྐོ་བཞག་གི་བཀའ་ཕེབས་ཤིང་ལོ་དེའི་ཟླ་བ་གསུམ་པ་ནག་ཟླའི་ཡར་ཚེས་བརྒྱད་ཀྱི་ཉིན་དགོངས་པ་ཆོས་དབྱིངས་སུ་ཐིམ། གང་གི་ཐུགས་སློབ་གཙང་བ་འགབ་མའི་སྤྲུལ་སྐུ་དང༌། སྐུ་ཚ་བླ་མ་ཀུན་སྣང༌། ཁྲི་བཅུ་དབོན་པོ་ཆུང་བ། ཆོས་གྲྭ་ཆེར་ཕྱིན་བློ་གྲོས་བཟང་སོགས་ཡོད།

{{#arraymap:ངག་དབང་རྡོ་རྗེ་བཟང་པོ་

|; |@@@ | | }}