1546

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀིརྟི་སྐུ་ཕྲེང་དགུ་པ་སྐལ་བཟང་བློ་གྲོས་ཀུན་དགའ་ལུང་རྟོགས་རྒྱ་མཚོ་ (1)
Part of speech མིང་ཚིག
Definition སྐྱབས་མགོན་ཀིརྟི་སྐུ་ཕྲེང་དགུ་པ་སྐལ་བཟང་བློ་གྲོས་ཀུན་དགའ་ལུང་རྟོགས་རྒྱ་མཚོ་མཆོག་ནི། སྟག་ཚང་ལྷ་མོའི་ཉེ་འདབས་སྐུ་གོང་མའི་མ་ཡུམ་གཞིས་ཀར། ཡབ་བཞག་ལྡོམ་དཔོན་པོ་སྦྱིན་པ་དང༌། ཡུམ་མཁའ་འགྲོ་འཚོ་གཉིས་ཀྱི་སྲས་སུ། ཤིང་སྦྲུལ། ཕྱི་ལོ་ ༡༩༠༥ ལོར་སྐུ་བལྟམས། ས་སྤྲེལ། ཕྱི་ལོ་ ༡༩༠༨ ལོར་རྒྱལ་དབང་བཅུ་གསུམ་པ་ཆེན་པོ་ཐུབ་བསྟན་རྒྱ་མཚོ་དང༌། འཇམ་དབྱངས་བཞད་པ་སྐལ་བཟང་ཐུབ་བསྟན་དབང་ཕྱུག རྗེ་ཞྭ་དམར་པ་དགེ་འདུན་བསྟན་འཛིན་རྒྱ་མཚོ་བཅས་ཀྱི་ལུང་བརྟག་གཅིག་མཐུན་གྱིས་ཀིརྟི་སྐུ་གོང་མའི་ཡང་སྤྲུལ་འཁྲུལ་མེད་དུ་ངོས་འཛིན་མཛད། ས་བྱ། ཕྱི་ལོ་ ༡༩༠༩ ལོར་གདན་ས་སྟག་ཚང་ལྷ་མོ་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་དུ་ཁྲི་འདོན་ཞུས། རྒྱལ་ཚབ་གཙང་བླ་དཀོན་མཆོག་ཐུབ་བསྟན་རྒྱ་མཚོ་ཡོངས་འཛིན་དུ་བསྟེན་ནས་བར་མ་རབ་བྱུང་གི་སྡོམ་པ་མནོས། ལྕགས་ཁྱི། ཕྱི་ལོ་ ༡༩༡༠ ལོར་ཚ་ཁོའི་ཀིརྟིའི་མ་དགོན་དུ་ཞབས་སོར་བཀོད། ཆུ་བྱི། ཕྱི་ལོ་ ༡༩༡༢ ལོ་ནས་གདན་སའི་འདུ་ཁང་ཆེན་མོ་གསར་བཞེངས་ཀྱི་དབུ་ཚུགས་པ་ལོ་བརྒྱད་ཙམ་ནང་གྲུབ། རྗེ་ཞྭ་དམར་པཎྜིཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། ཧོར་ཚང་ཀིརྟིའི་དགོན་དུ་ཞབས་སོར་བཀོད་ནས་འགྲིག་ལམ་ཀུན་སྤྱོད་སོགས་ལ་གཟིགས་རྟོག་མཛད། ཤིང་ཡོས། ཕྱི་ལོ་ ༡༩༡༥ ལོར་སྟག་ཚང་དཔལ་ལྷའི་དགེ་བཤེས་ཡེ་ཤེས་རྒྱ་མཚོའམ་འབྲིང་བ་སྐམ་པོ་ཞེས་པའི་སྙན་གྲགས་ཅན་དེ་ཉིད་ཡོངས་འཛིན་དུ་བཀུར་ཏེ་གསན་བསམ་གྱི་འཕྲོ་སྐྱོང་ལྷོད་མེད་མཛད། མེ་འབྲུག ཕྱི་ལོ་ ༡༩༡༦ ལོར་སྤྱང་ལུང་ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་མཆོག་གདན་ཞུས་ཀྱིས་ཁོང་གི་དྲུང་ནས་མདོ་སྔགས་ཀྱི་ཟབ་ཆོས་མཐའ་ཡས་པ་གསན། ས་རྟ། ཕྱི་ལོ་ ༡༩༡༨ ལོར་གཟའ་རུའི་བཀྲ་ཤིས་ཐང་དུ་སེར་སྐྱ་སྟོང་ཕྲག་མང་པོར་སྤྱན་རས་གཟིགས་ཞལ་བཅུ་གཅིག་པའི་དབང་དང༌། འཇིགས་བྱེད་ཡུམ་བཅས་ཀྱི་རྗེས་གནང་སོགས་ཆོས་ཀྱི་བདུད་རྩི་ཅི་འདོད་དུ་བསྩལ། དགུང་གྲངས་བཅུ་དྲུག་བཞེས་པ། རབ་བྱུང་བཅོ་ལྔ་པའི་ལྕགས་སྤྲེལ། ཕྱི་ལོ་ ༡༩༢༠ ལོར་གཟུགས་སྐུའི་ཉིན་བྱེད་ནུབ་པའི་ཚུལ་བསྟན་ཏོ། །
Synonyms སྐྱབས་མགོན་སྐལ་བཟང་བློ་གྲོས་ཚང་། སྐལ་བཟང་བློ་གྲོས་ཀུན་དགའ་ལུང་རྟོགས་རྒྱ་མཚོ།

{{#arraymap:ཀིརྟི་སྐུ་ཕྲེང་དགུ་པ་སྐལ་བཟང་བློ་གྲོས་ཀུན་དགའ་ལུང་རྟོགས་རྒྱ་མཚོ་

|; |@@@ | | }}