15636

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངོར་ཨེ་ཝྃ་ཆོས་ལྡན་ (1)
Part of speech མིང་ཚིག
Definition གཙང་གཡས་རུའི་ནང་གསེས་། མྱང་སྨད་སར། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་དགུང་ལོ་ཞེ་བརྒྱད་པ། རབ་བྱུང་བདུན་པའི་ས་མོ་བྱ། ཕྱི་ལོ་ ༡༤༢༩ ལོར་ཕྱག་བཏབ། རྗེ་འདིའི་རྨི་ལམ་དུ། ཡི་གེ་ཨེ་དང་ཝཾ་གཉིས་ལས། ཆོས་ཀྱི་ཕུང་པོ་འབྱུང་བ་ཡིན། ཞེས་སོགས་ཀྱིས། ཨེ་དང་ཝཾ་ལ་བཤད་པར་བྱ་བ་རྨིས་ཤིང་། ཨེ་ཝཾ་འདི་ཆོས་ཐམས་ཅད་འབྱུང་བའི་གནས་ཡིན་པས་རང་རེའི་དགོན་པ་འདི་ལ་ཨེ་ཝཾ་ཆོས་ལྡན་འདོགས་པ་ཡིན་ནོ། །ཞེས་གསུངས་ཏེ་དགོན་པའི་མཚན་དེ་ལྟར་གསོལ། ཕྱིས་སུ་རིམ་གྱིས་དར་རྒྱས་དང་རྒྱ་བསྐྱེད་གནང་། འཆད་རྩོད་རྩོམ་དང་ཐོས་བསམ་སྒོམ་པ་ཐམས་ཅད་བྱ་སའི་གདན་ས་ཆེན་པོར་གྱུར་ཏེ་མདོ་དབུས་ཁམས་གསུམ་ནས་གདན་ས་འགྲིམས་མཁན་མང་པོ་ཡོད། བར་སྐབས་ཀྱི་ཁྲི་པ་ཁག་གཅིག་ཁྲི་འཛིན་གྱི་དུས་ཚོད་ཡོལ་བ་དང་། ཟུར་དུ་སྐུ་མཚམས་བཞུགས་པ་དང་ཆབ་ཅིག་རང་རང་གི་སློབ་མ་ཁག་ལ་བཀའ་ཆོས་ཕྲེང་ཚེགས་རེ་གནང་སར་བླ་བྲང་ཆུང་ཆུང་རེ་མཛད་པ་རིམ་གྱིས་བྲང་ཁག་ལྔར་འཕེལ་རྒྱས་སུ་སོང་བར་མངོན། ནང་རྟེན། རབ་བྱུང་སྙེན་རྫོགས་སྐབས་ཀྱི་སངས་རྒྱས་མངོན་འགྱུར་གྱི་རྟེན་སྟོན་པའི་སྐུ། ཤར་ཆེན་ཤེས་རབ་འབྱུང་གནས་ཀྱིས་མཚེར་ཆེན་རོང་ནས་གཏེར་དུ་བཞེས་ཐུབ་སྐུ་ལི་མ་མི་ཚད་ཅན། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་སྒོམ་ཐག་སྒོམ་དབྱུག ངོར་ཆེ་གྱི་ཐུགས་དམ་གྱི་རྟེན་ལི་དམར་ལས་གྲུབ་པའི་རྡོ་རྗེེ་འཇིག་བྱེད་དང་། དཔལ་མགོན་ཞལ་བཞི། གུར་མགོན་རླུང་གཞོན། དམག་ཟོར་མ་སོགས་ཆོས་སྐྱོང་གི་སྐུ་བརྙན། གསུང་ངག་བླ་རྒྱུད་ཡོངས་རྫོགས་པའི་བྲིས་སྐུ་ཆེན་མོ་བཅུ་གཅིག་དང། ས་པཎ་གྱི་ཐུགས་དམ་གྱི་རྟེན་སྤྱན་རས་གཟིགས་ཁ་ས་པ་ནི་སོགས་མང་དུ་བཞུགས། ངོར་ཆེན་གྱི་ཕྱག་དཔེ་ཤོག་བུ་དང་ཏ་ལའི་ལོ་མ་ཅི་རིགས་ལས་གྲུབ་པའི་རྒྱ་དཔེ་གྲངས་མང་སོགས་མདོར་ན་མདོ་སྔགས་རིག་གནས་དང་བཅས་པའི་བཀའ་འབུམ་སོགས་གཞུང་ལུགས་རིང་ཐང་ཅན་ཕུན་སུམ་ཚོགས་པ་ཡོད། གྲགས་ཆེན་གྱི་སྐྱེས་བུ་དམ་པ་ངོར་ཆེན་དཀོན་མཆོག་ལྷུན་གྲུབ། ཀུན་མཁྱེན་གོ་རམས་པ། མུས་ཆེན་དཀོན་མཆོག་རྒྱལ་མཚན། རྒྱལ་ཚབ་ཀུན་དགའ་དབང་ཕྱུག་སོགས་མཁས་གྲུབ་མང་དུ་བྱོན། རྒྱ་ནག་གི་བཙན་གནོན་དང་ལྷག་པར་རིག་གནས་གསར་བརྗེའི་སྨྱོ་མཆོངས་འོག་གདན་ས་འདི་ཉིད་ཡོངས་སུ་རྩ་གཏོར་དུ་བཏང་། འོན་ཀྱང་ཕྱིས་སུ་རབ་བྱུང་བགྲེས་འགའ་དང་དད་ལྡན་མི་མང་གིས་འབད་བརྩོན་འོག་ཉམས་གསོ་འགོ་བརྩམས་པ་དང་། ངོར་ཁང་གསར་མཁན་ཆེན་ཐུབ་བསྟན་སྙིང་པོ་དང་ངོོར་ཀླུ་ལྡིང་མཁན་ཆེན་རྣམ་གཉིས་ནས་ཀྱང་ཉམས་གསོའི་ཐུགས་འཁུར་འོག་ཉམས་གསོ་གང་འཚམ་ལེགས་གྲུབ་བྱུང་དང་བྱུང་མུས་ཡིན་པ་བཅས།

{{#arraymap:ངོར་ཨེ་ཝྃ་ཆོས་ལྡན་

|; |@@@ | | }}