16658

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆུ་ངོགས་བདུན་པ་མི་ཕམ་ཚེ་དབང་མཆོག་གྲུབ་ (1)
Part of speech མིང་ཚིག
Definition ཆུ་ངོགས་སྐུ་ཕྲེང་བདུན་པ་མི་ཕམ་ཚེ་དབང་མཆོག་གྲུབ་ཕྱོགས་ལས་རྣམ་རྒྱལ་མཆོག་ནི། ཁམས་སྡེ་དགེ་གླིང་མགོན་གཟིམས་ཁང་སར། ཟོག་པ་ཚང་དུ་ཡབ་ངག་དབང་ཉི་མ་དང༌། ཡུམ་ལྷ་རིན་ཟུང་གི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ས་སྟག་ ༡༩༣༨ ལོར་འཁྲུངས། དགུང་ལོ་གཉིས་པར་འབྲུག་ཡོངས་འཛིན་བདུན་པ་དང༌། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ནས་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད་དེ། ཆུ་ངོགས་དགོན་མཛེས་བཀྲ་ཤིས་ཆོས་གླིང་དུ་ཁྲི་གསོལ་ཞུས། ཡོངས་འཛིན་བདུན་པས་མཚན་མི་ཕམ་ཚེ་དབང་མཆོག་གྲུབ་ཕྱོགས་ལས་རྣམ་རྒྱལ་ཞེས་གསོལ། ཡོངས་གྲགས་སུ་པད་དཀར་ཐུབ་བསྟན་ཚེ་རིང་ཞུ། དགུང་ལོ་ལྔ་ནས་ཡི་གེའི་ལྗགས་ཀློག་སྦྱོང་ཞོར་དུ་ཆུ་ངོགས་ཀར་སྤྲུལ་དྲུག་པ་འགྱུར་མེད་ཐུབ་བསྟན་རྣམ་རྒྱལ་དང༌། བླ་མ་མི་ཕམ་བསྟན་འཛིན་རྣམ་གཉིས་ཀྱི་མདུན་ནས། འཕྲལ་དགོས་ཀྱི་དབང་ལུང་དང་འཕོ་བ་སོགས་གསན་སྦྱང་གནང༌། བཅུ་གཅིག་ལ་པད་སྙིང་མཁན་པོ་འཇམ་དཔལ་བཟང་པོ་ལ། ཕྱག་ཆེན་སྔོན་འགྲོ་སོགས་འབྲུག་ལུགས་ཆོས་སྐོར་མང་ཙམ་གསན། ཞེ་ཆེན་ཀོང་སྤྲུལ་རིན་པོ་ཆེས་རྗེས་སུ་བཟུང་སྟེ། རིན་ཆེན་གཏེར་མཛོད། བཀའ་བརྒྱུད་སྔགས་མཛོད། གདམས་ངག་མཛོད། སྙིང་ཐིག་གོང་འོག མི་ཕམ་བཀའ་འབུམ་སོགས་བཀའ་གཏེར་གསར་རྙིང་རིས་མེད་ཀྱི་དབང་ལུང་རྒྱ་ཆེར་བསྩལ། རྫོགས་ཆེན་ཤྲཱི་སེང་གི་མཁས་པ་དུ་མ་གདན་དྲངས་ཏེ། ལོ་དྲུག་ཙམ་རིང་གཞུང་རིག་གནས་ལ་སྦྱོང་བརྩོན་གནང༌། རྫོགས་སྤྲུལ་དྲུག་པ། སི་ཏུ་པདྨ་དབང་མཆོག རྫོགས་ཆེན་མཁན་གཞན་དགའ། བོད་སྤྲུལ། ཞེ་ཆེན་རྒྱལ་ཚབ། ཞེ་ཆེན་མཁན་པོ་གང་ཤར། འགོ་ཚ་མཁན་པོ་བསྟན་འཕེལ། སོས་ཁོག་གྲུབ་ཆེན་སོགས་མཁས་གྲུབ་ཀྱི་བླ་མ་མང་པོར་བསྟེན། སྒྲུབ་པ་ཉམས་བཞེས་གནང་བས་ནུས་མཐུ་ཚད་མེད་མངའ། བོད་དུ་དུས་འགྱུར་སྐབས་སུ་གསོད་ལ་ཉེ་བའི་ལས་བྱེད་ཁ་ཤས་སྲོག་ཉེན་ལས་སྐྱོབ་པའང་མཛད། རིག་གནས་གསར་བརྗེའི་འཚུབ་སློང་གི་ཁྲོད་དུ་འོ་བརྒྱལ་བསམ་ཡུལ་ལས་འདས་པ་མྱངས། བཙོན་ཁང་ནང་རྡུང་རྡེག་དྲག་པོ་ཇི་འདྲ་བྱས་ཀྱང་དཀོན་མཆོག་གསུམ་པོ་མི་སྤོང་བའི་དམ་བཅའ་མཛད། བསྟན་པ་ཡང་དར་སྐབས་མང་ཚོགས་ཀྱི་རེ་འདུན་ལྟར་བསྟན་དགོན་ཉམས་གསོ་ཞུས་ཏེ། འདུ་ཁང༌། སྒྲུབ་སྡེ་སོགས་གསར་བཞེངས་དང༌། ཕྱག་བཟོ་མཁས་པས་སྐུ་འདྲ་ཕྱག་བཟོ་དང་། གྲྭ་སློབ་རྣམས་མཁས་པ་མང་དུ་བྱུང་བས། ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་བཀའ་དགོངས་ལྟར། པེ་ཅིང་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་དང་པོའི་སློབ་མར་ཞུགས་པས་པཎ་ཆེན་མཆོག་གིས་གཟིངས་སྐྱོང་ཚད་མཐོ་གནང༌། ༡༩༨༨ ལོར་སྡེ་དགེ་སྤར་ཁང་ཆེན་མོ་ཉམས་གསོའི་སྐབས་གཙོ་འགན་བཞེས་ནས་ལོ་བཞིའི་མཚམས་སུ་ལེགས་གྲུབ་བྱུང༌། རང་དགོན་དུ་དུས་མཆོད་སྒྲུབ་པ་དང༌། དབང་ཆོས་སྤེལ་བ་སོགས་བསྟན་འགྲོའི་དོན་མཛད་པའི་མཐར། རེ་བརྒྱད་པ་ཤིང་བྱ་ ༢༠༠༥ ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་མོ། །གདུང་ཞུགས་ལ་ཕུལ་བས་དབུ་ཐོད་སོགས་ལ་ཡིག་འབྲུ་གསལ་བར་བྱོན་པ་དང་རིང་བསྲེལ་འཁྲུངས་པའི་ངོ་མཚར་བྱུང་། གསུང་རྩོམ་ཡང་འབྲུག་པ་དཀར་བརྒྱུད་ཀྱི་ལོ་རྒྱུས་དང་སྙན་རྩོམ་སྐོར་སོགས་མང་པོ་བཞུགས།

{{#arraymap:ཆུ་ངོགས་བདུན་པ་མི་ཕམ་ཚེ་དབང་མཆོག་གྲུབ་

|; |@@@ | | }}