18171

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་རྗེ་རྒྱལ་བ་བཟང་ (1)
Part of speech མིང་ཚིག
Definition ཆོས་རྗེ་སྐུ་ཕྲེང་དང་པོ་དཔལ་༧རྒྱལ་བ་བཟང་པོ་མཆོག་གི་མཚན་གཞན་ལ་ཚད་མ་པ་རྒྱལ་བ་བཟང་ཡང་ཟེར། ཁོང་ནི་མདོ་སྨད་ཀྱི་ཆར་གཏོགས་རྒྱལ་རོང་གི་བཞག་ཤོད་དཔལ་མོ་འཛོམས་ཞེས་བྱ་བར་རིགས་རུས་གཙང་བའི་ཡབ་ཡུམ་གྱི་སྲས་སུ་ཕྱི་ལོ་ ༡༤༡༩ ས་མོ་ཕག་ལ་ངོ་མཚར་བའི་ལྟས་བཅས་སྐུ་འཁྲུངས། དགུང་ལོ་བརྒྱད་ཙམ་ནས་ཀློག་སོགས་རིག་གནས་འགའ་སྦྱང་བརྩོན་མཐར་ཕྱིན། དེ་ནས་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་གི་ཆོས་གྲྭར་ཕྱིན་ཏེ་དྲུང་དཀའ་བཞི་པ་ཆེན་པོའི་དྲུང་ནས་རབ་བྱུང་ཚིགས་སྔ་ཕྱིའི་སྡོམ་པ་ལེགས་མནོས་མཛད་ནས་མི་ཕམ་རྒྱལ་བ་བཟང་པོ་ཞེས་པའི་མཚན་གསོལ། བླ་མ་དེ་ཉིད་ཀྱི་དྲུང་ནས་མདོ་ཕྱོགས་བཀའ་པོད་ལྔ་ལ་གསན་སྦྱང་མཐར་ཕྱིན་མཛད། དེ་ནས་དབང་ལུང་ཟབ་མོས་རྒྱུད་སྦྱང་བཞིན་དུས་འཁོར་རྩ་འགྲེལ་སོགས་སྔགས་ཀྱི་གཞུང་ལུགས་ཕལ་མོ་ཆེར་བསླབ་སྦྱང་ནན་ཏན་གྱིས་མཁས་པའི་གནས་ཐོབ། ཁྱད་པར་དུ་རྗེ་འདི་ཉིད་ནི་བསྐྱེད་རྫོགས་གཙོ་བོར་གྱུར་པའི་ཟབ་གསང་ཐེག་པའི་མན་ངག་གིས་ཉམས་ལེན་ལ་གནད་སྨིན་བགྱིས་པས་རིམ་གཉིས་ཀྱི་རྣལ་འབྱོར་གནད་ལ་ཐེབས་ཏེ་སྒོམ་པ་ཀློང་དུ་གྱུར་ནས་གྲུབ་འབྲས་ཀྱི་རྟགས་མཚན་ཁྱད་པར་བ་ཀུན་གྱི་སྣང་ངོར་ལེགས་པར་མངོན་པའི་གྲུབ་པ་མཆོག་གི་གོ་འཕང་ལ་སླེབས་ཤིང་། བླ་མ་དྲུང་པ་རིན་པོ་ཆེའི་བཀའ་ལྟར་རྒྱལ་ཚབ་དམ་པའི་ཁྲི་ལ་མངའ་སྲོལ་མཛད་ནས་འཛམ་ཐང་ཆོས་སྡེའི་དགེ་འདུན་པ་ཡོངས་ལ་གཞུང་ལུགས་ལྔའིི་མཚན་ཉིད་ཀྱི་འཛིན་གྲྭ་བཙུགས། ལོ་འགར་ཆོས་གྲྭ་བསྐྱངས་མཐར་རི་ཁྲོད་འགྲིམས་ཏེ་ཁོང་ཉིད་ངེས་མེད་ཀྱི་སྒྲུབ་གནས་རྣམས་སུ་ལེགས་ཕེབས་མཛད་ནས་གཡུ་འབྲུག་ལ་ཆིབས་པ་དང་ཤར་ཕྱོགས་རྫ་རིའི་རྩེ་ལ་མདའ་འཕངས་པས་རྫ་རིའི་རྩེ་ཕུགས་པའི་བུ་ག་ཁྲ་སྒོར་བ་དེང་སྐབས་མཐོང་ཡུལ་དུ་ཡོད་པ་སོགས་གྲུབ་རྟགས་ཆེས་མང་དུ་བཞུགས་ཡོད། ཆོས་རྗེ་འདིས་བཞག་ཤོད་ཀྱི་དགོན་པ་ལྔ་དང་ཁྱད་པར་མཆོད་རྟེན་བརྒྱ་རྩ་ཡང་བཞེངས་པར་གྲགས་ལ། ཉིད་ཀྱི་ཐུགས་སློབ་ཀྱང་ཚེས་བཅུ་རཏྣ་ཀཱིརྟི་དང་། ཆོས་རྗེ་གཞོན་ནུ་རྒྱལ་མཚན་སོགས་དང་། གཞན་ཡང་བླ་མ་ཁྲོ་བཅུ་པ། ཨོ་རྒྱན་རིན་ཆེན་སོགས་བསྟན་འགྲོའི་དཔལ་གྱུར་མང་པོའང་བྱུང་ཡོད། མཆོད་རྟེན་དག་གི་ཆོས་འཁོར་ལ་སེར་རྩི་གསོལ་བའི་སྲོལ་ཀ་ཡང་ཆོས་རྗེ་འདི་ཉིད་ཀྱི་དུས་ནས་ད་བར་བྱུང་བ་ཡིན་ཞིང་། ཆོས་རྗེ་གང་ཉིད་ཀྱིས་མཛད་པའི་གསུང་རབ་སྣ་ཚོགས་པ་ཡང་ཆེས་མང་ཚོད་དུ་འདུག་ཀྱང་ད་ལྟ་དཔེ་རྒྱུན་མཚོོན་ཙམ་ལས་མི་བཞུགས། མཐར་གང་ཉིད་དགུང་གྲངས་རེ་བཞི་ཕྱི་ལོ་ ༡༤༨༢ ཆུ་ཕོ་སྟག་ལ་ཆེས་ངོ་མཚར་བའི་དགེ་ལེགས་ཀྱི་མཚན་དུ་མ་དང་བཅས་གཟུགས་སྐུའི་བཀོད་པ་ལེགས་པར་བསྡུས་པའོ། །

{{#arraymap:ཆོས་རྗེ་རྒྱལ་བ་བཟང་

|; |@@@ | | }}