1956

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་དགའ་མཁས་གྲུབ་དབང་ཕྱུག་ (1)
Part of speech མིང་ཚིག
Definition གཙང་ཆེན་ཕོ་བྲང་དུ་སྒྲུབ་བརྒྱུད་འཛིན་པའི་རྡོ་རྗེ་སློབ་དཔོན་ལྔ་པ་ཀུན་དགའ་མཁས་གྲུབ་དབང་ཕྱུག་གམ། མཚན་གཞན་ངག་དབང་དོན་ལྡན་དཔལ་བཟང་པོ་ནི། ཕྱི་ལོ་ ༡༨༦༢ ཆུ་ཁྱིའི་ལོར་འཛི་གཞུང་གི་ཆར་གཏོགས་རབ་ཁ་ཞེས་པར་ཡབ་ཞི་ཁྲོ་སྐྱབས་དང་ཡུམ་བཀྲ་ཤིས་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་ན་སོན་སྐབས་བསེར་བ་བླ་མ་ལྷ་མཆོག་དང་རང་གི་ཁུ་བོ་མཆོག་ལྡན་སོགས་ལས་ཀློག་བསླབ་ཅིང་ཀློག་འདོན་མཆོག་ཏུ་གྱུར། རྡོ་རྗེ་འཆང་ངག་དབང་ཆོས་འཕགས་རྒྱ་མཚོའི་མདུན་ནས་སོ་ཐར་ཚངས་སྤྱོད་དགེ་བསྙེན་གྱི་སྡོམ་པ་མནོས་ནས་མཚན་ངག་དབང་དོན་ལྡན་དཔལ་བཟང་པོ་ཞེས་གསོལ། གཞན་ཡང་རྡོ་རྗེ་འཆང་ངག་དབང་ཆོས་འཕགས་རྒྱ་མཚོ་དང་། རྡོ་རྗེ་འཆང་ངག་དབང་ཆོས་འཛིན། ངག་དབང་ཆོས་འབྱོར་རྒྱ་མཚོ་སོགས་ཀྱི་མདུན་ནས་སྦྱོར་དྲུག་ཡོངས་རྫོགས་དང་། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་རབ་འབྱམས་ཀྱི་བཀའ་དབང་། སྒྲུབ་ཐབས་རིན་འབྱུང་ཆ་ཚང་དང༌། སྦྱོང་རྒྱུད་བཅུ་གཉིས། རྗེས་གནང་བརྒྱ་རྩ་སོགས་ཞུས་ཏེ་ཉམས་ལེན་མཛད་པས་ལམ་རྟགས་ཁྱད་པར་ཅན་བྱུང་། འབའ་མདའ་བླ་མ་ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་མདུན་ནས་ལམ་རིམ་ལ་གསན་སྦྱང་དང་། སྡེ་དགེ་ཕྱོགས་སུ་ཕེབས་ཏེ་ཨ་བོའི་བླ་མ་བསྟན་འཛིན་དར་རྒྱས་ཀྱི་དྲུང་ནས་གཅོད་དབང་དང༌། ཀོང་སྤྲུལ་གྱི་མདུན་ནས་སྦྱོར་དྲུག་གི་ཟབ་ཁྲིད་ཡོངས་རྫོགས། མཁན་ཨ་དཀོན་གྱི་དྲུང་ནས་བློ་སྦྱོང་དོན་བདུན་ཁྲིད། མི་ཕམ་རྒྱ་མཚོའི་དྲུང་ནས་འཇམ་དཔལ་བསྟོད་ཁྲིད། རྫོགས་ཆེན་དཔལ་སྤྲུལ་གྱི་མདུན་དུ་མཇལ་སྨོན་ཁྱད་པར་བའང་བྱུང༌། ཀུན་མཁྱེན་ཆེན་པོའི་ཐུགས་སྲས་གྲུབ་ཐོབ་རྟ་ར་བ་དང་། སློབ་དཔོན་ཀླུ་སྒྲུབ་འཁོར་བཅས། རྩ་བའི་བླ་མ་ཆོས་འཕགས་སོགས་ཀྱིས་ཞལ་གཟིགས་ཀྱི་སྣང་བ་ངེས་པར་བྱུང་། དགུང་ལོ་སོ་ལྔའི་སྐབས་འཕགས་མཆོག་ཨཱརྱ་པཱ་ལོའི་རྣམ་འཕྲུལ་ཀརྨ་ངེས་དོན་རྒྱ་མཚོའི་མདུན་ནས། རབ་བྱུང་དང་དགེ་ཚུལ་སློང་གི་སྡོམ་པ་ལེགས་མནོས་མཛད་དེ། མཚན་ཀུན་དགའ་མཁས་གྲུབ་དབང་ཕྱུག་ཏུ་གསོལ། དགུང་ལོ་ཞེ་དགུའི་སྟེང་གཙང་བའི་རྡོ་རྗེ་སློབ་དཔོན་ངག་དབང་ཆོས་འབྱོར་ཞབས་ཀྱི་རྒྱལ་ཚབ་མཛད་ནས། དུས་ཀྱི་འཁོར་ལོའི་དབང་བཀའ་བསྐྱེད་རྫོགས་སོགས་གསང་ཆེན་ཆོས་ཀྱི་མཛོད་སྒོ་ལེགས་ཕྱེ་མཛད་དེ། སློབ་མ་གང་དག་གི་བློ་དང་འཚམ་པའི་ཟབ་ཆོས་ཀྱིས་རེ་འདོད་རིམ་པས་སྐོང་བར་བྱས། དགུང་ལོ་ང་གསུམ་ཕྱི་ལོ ༡༩༡༤ ཤིང་སྟག་ལོའི་ཆུ་སྟོད་ཟླ་བའི་ཉེར་བཞིའི་ནངས་མོར་གཟུགས་སྐུའི་བཀོད་པ་ལེགས་བསྡུ་མཛད་དོ། །གང་གི་ཐུགས་སློབ་ཡང་སྐྱེས་བུ་དམ་པ་ངག་དབང་དཀོན་མཆོག་བསྟན་པ་དར་རྒྱས། ངག་དབང་བློ་བཟང་ཆོས་འཕེལ། མགར་བླ་སྨོན་རབ་སོགས་བསྟན་པ་ལ་ཕན་ཐོགས་པ་མང་དུ་བྱོན་ནོ། །

{{#arraymap:ཀུན་དགའ་མཁས་གྲུབ་དབང་ཕྱུག་

|; |@@@ | | }}