1958

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་དགའ་ཡོན་ཏན་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རྗེ་བཙུན་ལྷ་དབང་གྲགས་པའི་སྤྲུལ་པ་འབྲོག་དགེ་ཀུན་དགའ་ཡོན་ཏན་རྒྱ་མཚོ་མཆོག་ནི། ཡོ་སྟག་སྤྲུལ་སྐུ་དེ་ཉིད་ཀྱི་སྐུ་ཚར་གྱུར་པའི་སྒོ་ནས་དེ་ཕྱོགས་སུ་ས་སྟག་གི་ལོར་སྐུ་འཁྲུངས། མཁར་བླ་བསྟན་པ་ཆོས་འཕེལ་གྱི་དྲུང་ནས། དམ་པ་སྐུ་ན་གཞོན་པ་དེས་རབ་བྱུང་བསྙེན་རྫོགས་ཀྱི་སྡོམ་པ་དང་དབང་ལུང་ཟབ་ཁྲིད་མང་དུ་ཞུས། གོས་ལྷ་ཀུན་དགའ་ཆོས་དབྱིངས་མཆོག་དང་། སྐུ་དབོན་འཇམ་དབྱངས་རྒྱ་མཚོ། དབོན་ཕུན་ཚོགས། ཨ་མཆོག་རིན་པོ་ཆེ་དཀོན་མཆོག་བསྟན་པའི་རྒྱལ་མཚན་སོགས་ཀྱི་དྲུང་ནས་ཆོས་བཀའ་ལུང་ཁྲིད་དུ་མ་དང༌། རིག་གནས་དཀྱིལ་འཁོར་བྲི་ཐིག ཇོ་ནང་རྗེ་བཙུན་གྱི་བཀའ་འབུམ་ལས་བྱུང་བའི་སྒྲུབ་ཐབས་རིན་འབྱུང་ཆ་ཚང་གི་དབང་བཀའ་སོགས་གསན་བཞེས་གནང་། དེ་ནས་གཙང་བ་དགེ་སློང་གི་མདུན་ནས་བླ་མ་དམ་པ་ཡོན་ཏན་རྒྱ་མཚོ་འཁོར་བཅས་ཀྱིས་རྗེ་བཙུན་བཀའ་འབུམ་ཡོངས་རྫོགས་ཀྱི་དབང་ལུང་མཐའ་དག་གསན་ཅིང་ཁྱད་པར་སྦྱོར་བ་ཡན་ལག་དྲུག་གི་ཟབ་ཁྲིད་མན་ངག་གི་རིམ་པ་བླ་མ་གོང་མའི་ཕྱག་བཞེས་བཞིན་གསན་སྒོམ་ཁྱད་པར་བ་མཛད་ལ། ཐུགས་སྲས་བླ་མ་ནོར་བཟང་ཞབས་པའི་དྲུང་ནས་ཀྱང་དེ་ལྷག་གི་དབང་ལུང་ཕྲན་བུ་རེ་དང༌། ཤངས་ཆོས་སྐོར་གྱི་དབང་ལུང་ཟབ་ཁྲིད་མཐའ་དག་ལེགས་གསན་གྱི་སྒོ་ནས་ཉམས་བཞེས་ལྷུར་བླང་གིས་གྲུབ་འབྲས་དུས་སུ་སྨིན་ངེས་བྱས་ཏེ། སྔ་ཕྱིར་ལོ་དུ་མའི་རིང་མྱོང་རྟགས་རང་ལུགས་ཀྱི་ཏིང་ངེ་འཛིན་ཁྱད་པར་བའི་གཡོ་ཐོབ་གོམས་པ་མཐར་ཕྱིན་པའི་ངང་ནས། སྟོང་གཟུགས་ཕྱག་རྒྱ་ཆེན་མོ་རྣམ་པ་ཀུན་དང་ལྡན་པའི་རང་གཤིས་གསལ་སྟོང་འཛིན་པ་བྲལ་བར་མཇལ་ཚབས་ཆེ་བ་སོགས། ཉམས་མྱོང་ཐུན་མོང་མ་ཡིན་པ་ཐུགས་ཉམས་སུ་ལེགས་འཁྲུངས་ཀྱིས་སྒོམ་པ་མཆོག་གི་ཀློང་དུ་གྱུར། རྩི་ནང་དགོན་དུ་འདུས་སྡེའི་འཚོགས་ཁང་གསར་བཞེངས་ཀྱི་ནང་དུ་རྒྱུད་སྡེ་དེ་ཉིད་ལྔ་པའི་རྡུལ་ཚོན་ལ་བརྟེན་པའི་སྒྲུབ་མཆོད་དང༌། དེ་ནས་རིམ་པ་བཞིན་དུས་འཁོར་དང༌། ཐམས་ཅད་རིག་པའི་སྒྲུབ་མཆོད་རྡུལ་ཚོན་ཅན་དང༌། ལོ་བསྟར་གྱི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་སོགས་དུས་མཆོད་དུ་མའི་འཚོགས་གྲྭ་ལེགས་འཛུགས་མཛད། དགུང་གྲངས་ལྔ་བཅུ་ང་ལྔ་ཆུ་སྤྲེལ་གྱི་ལོར་རང་གནས་ཇོ་ནང་འབྲོག་དགེ་དགོན་པར་ཁོང་གིས་ཀུན་སྤྱོད་དག་ཐེར་མཛད་དེ་དགོན་དེའི་བླ་གྲྭ་མཆོག་དམན་ཐམས་ཅད་འདུལ་ཁྲིམས་ཡང་དག་གིས་ཀུན་ནས་མཛེས་པར་བྱས། ཆུ་ཉིན་དུ་མ་ཉེས་ཇོ་ནང་ཐར་མོ་དགོན་གསར་འདེབས་ཀྱི་སྒོ་ནས་དགོན་དེ་ལ་བཀྲ་ཤིས་ཕུན་ཚོགས་གླིང་ཞེས་བཏགས་པ་དང་། ཚེས་མདའ་ཨ་དཔའ་དགོན་ཡང་དག་ཐེར་གྱིས་བླ་གྲྭ་ཡོངས་ལ་ཀུན་སྤྱོད་གཙང་ངེས་བྱས་པ་སོགས། དཔལ་ཇོ་ནང་པའི་བསྟན་པ་ལ་སྒོ་ཀུན་ཏུ་ཕན་པ་རྒྱ་ཆེར་ཡུན་རིང་པོ་ཞིག་ལ་ལེགས་པར་མཛད་རྗེས་ཉིད་ཀྱི་དགུང་ལོ་བདུན་ཅུ་དོན་གསུམ་ལྕགས་སྟག་ལོར་གཟུགས་སྐུའི་བཀོད་པ་བསྡུས་ནས་རེ་ཞིག་ཕྱོགས་འདིའི་གདུལ་བྱ་རྫོགས་ཚུལ་མཛད་དོ། །

{{#arraymap:ཀུན་དགའ་ཡོན་ཏན་རྒྱ་མཚོ་

|; |@@@ | | }}