19758

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉེར་བསྡོགས་ (1)
Part of speech མིང་ཚིག
Definition ལས་གང་ཞིག་བྱེད་རྒྱུར་སྟ་གོན་ནམ་གྲ་སྒྲིག་བྱེད་པའི་དོན་ཏེ།
Example རིན་པོ་ཆེས་དབང་གནང་རྒྱུའི་ཉེར་བསྡོགས་བྱེད་བཞིན་འདུག་ལྟ་བུ།

{{#arraymap:ཉེར་བསྡོགས་

|; |@@@ | | }}

ཉེར་བསྡོགས་ (2)
Part of speech མིང་ཚིག
Definition བསམ་གཏན་དང་གཟུགས་མེད་ཀྱི་དངོས་གཞིའི་ཏིང་ངེ་འཛིན་མ་ཐོབ་གོང་གི་ས་རང་རང་གི་དངོས་གཞིའི་ཏིང་ངེ་འཛིན་འཐོབ་བྱེད་ཀྱི་ཐབས་སམ་སྟ་གོན་དུ་གྱུར་པའི་ཏིང་ངེ་འཛིན་ཏེ། དངོས་གཞི་ལ་ཉེ་བར་འགྲོ་བའམ་ཉེ་བར་བསྡོགས་པ་སྟེ་བསམ་གཏན་དང་གཟུགས་མེད་ཀྱི་དངོས་གཞི་ཐོབ་བྱེད་ཀྱི་སྦྱོར་བ་ཞིག་ལ་ཟེར། བསམ་གཟུགས་ཀྱི་དངོས་གཞི་བརྒྱད་ཡོད་པའི་གནད་ཀྱིས་དེ་དག་ཐོབ་བྱེད་ཀྱི་ཉེར་བསྡོགས་ཀྱང་བརྒྱད་ཡོད། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། བསམ་གཏན་དང་པོའི་ཉེར་བསྡོགས་ཀྱི་འཇོག་བྱེད་ནི། ཉེར་བསྡོགས་ཀྱི་སས་བསྡུས་ཤིང་རང་གི་ཐོབ་བྱར་གྱུར་པའི་བསམ་གཏན་དང་པོའི་དངོས་གཞིའི་སྙོམས་འཇུག་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་བསམ་གཏན་གྱི་སས་བསྡུས་ཀྱི་དགེ་བའི་རིག་པ། ཞེས་དང་། མཐའ་དཔྱོད་ལས། རང་ལུགས་ནི། ཉེར་བསྡོགས་ཀྱིས་བསྡུས་ཤིང། རང་གི་ཐོབ་བྱར་གྱུར་པའི་བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་ཐོབ་བྱེད་དུ་གྱུར་པའི་བསམ་གཏན་གྱི་སས་བསྡུས་ཀྱི་དགེ་བའི་རིག་པ་དེ། བསམ་གཏན་གྱི་ཉེར་བསྡོགས་ཀྱི་མཚན་ཉིད། དེ་ལ་བཞི་ཡོད་པ་ལས། ཉེར་བསྡོགས་ཀྱིས་བསྡུས་ཤིང། རང་གི་ཐོབ་བྱར་གྱུར་པའི་བསམ་གཏན་དང་པོའི་དངོས་གཞིའི་སྙོམས་འཇུག་ཐོབ་བྱེད་དུ་གྱུར་པའི་བསམ་གཏན་དང་པོའི་སས་བསྡུས་ཀྱི་དགེ་བའི་རིག་པ་དེ། བསམ་གཏན་དང་པོའི་ཉེར་བསྡོགས་ཀྱི་མཚན་ཉིད། ཅེས་གསུངས། སྤྱི་མཐའ་གཉིས་ཀྱི་དགོངས་པ་ལྟར་བསམ་གཏན་དང་པོའི་ཉེར་བསྡོགས་ཀྱི་དབྱེ་བ་ནི། བསམ་གཏན་དང་པོའི་ཉེར་བསྡོགས་ཡིད་ལ་བྱེད་པའི་ལས་དང་པོ་བ་དང། བསམ་གཏན་དང་པོའི་ཉེར་བསྡོགས་མཚན་ཉིད་སོ་སོར་རིག་པ་ཡིད་བྱེད། མོས་པ་ཡིད་བྱེད། རབ་ཏུ་དབེན་པ་ཡིད་བྱེད། དགའ་བ་བསྡུས་པ་ཡིད་བྱེད། དཔྱོད་པ་ཡིད་བྱེད། སྦྱོར་བ་མཐའི་ཡིད་བྱེད་བཅས་བདུན་ཡོད། འདི་ལ་བརྟེན་ནས་གཟུགས་མེད་ཉེར་བསྡོགས་ཀྱི་མཚན་ཉིད་དང་དབྱེ་བ་ནི་གོ་བར་ནུས་སོ། །མཚན་ཉིད་སོ་སོའི་རིག་པ་ཡིད་བྱེད་དེ་ཡིད་བྱེད་བདུན་གྱི་ཐོག་མ་ཡིན་ཡང་ཉེར་བསྡོགས་བདུན་གྱི་ཐོག་མ་ཡིན་པར་ཁས་མི་ལེན་ནོ། །
Domain ཆོས་ལུགས།

{{#arraymap:ཉེར་བསྡོགས་

|; |@@@ | | }}

ཉེར་བསྡོགས་ (3)
Part of speech མིང་ཚིག
Definition པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས། ཉེར་བསྡོགས་ཀྱི་ངོ་བོ་ནི། རང་གི་དངོས་གཞི་སྙོམས་འཇུག་ཐོབ་ཕྱིར་དུ་འོག་ས་ལ་རགས་སོགས་དང་། གོང་ས་ལ་ཞི་སོགས་ཅི་རིགས་པར་ལྟ་བའི་སྒོ་ནས་འོག་ས་ལ་འདོད་ཆགས་དང་བྲལ་བར་བྱེད་པའི་གཉེན་པོའི་རིགས་སུ་གནས་པའི་སྦྱོར་བའི་སྙོམས་འཇུག་གོ ། དངོས་གཞི་བརྒྱད་པོ་དེ་དག་ལ་འཇུག་པའི་ཉེར་བསྡོགས་བརྒྱད་ཡོད་པ་ཡིན་ཏེ། རང་རང་གི་ཉེར་བསྡོགས་སྔོན་དུ་མ་སོང་བར་དངོས་གཞི་དེ་དག་མངོན་དུ་བྱེད་མི་ནུས་པའི་ཕྱིར། ཉེར་བསྡོགས་དེ་རྣམས་ལ་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་གཉིས་སུ་ཡོད་པ་ལས་བར་ཆད་མེད་ལམ་ནི་འོག་ས་ལ་དམིགས་ནས་རགས་པ་དང་། རྩིག་པ་སོགས་ལྟ་བུར་དམིགས་ལ། རྣམ་གྲོལ་ལམ་ནི་ས་གོང་མ་ལ་དམིགས་ནས་ཞི་བ་དང་གྱ་ནོམ་པ་ངེས་པར་འབྱུང་བའི་རྣམ་པ་ཅན་དུ་ལྟ་བ་ཡིན་ནོ། །ཉེར་བསྡོགས་ཀྱི་ངོ་བོ་ནི་དག་པ་པ་ཡིན་ཏེ། ཞི་རགས་ཀྱི་རྣམ་པ་ཅན་ཡིན་པའི་ཕྱིར། ཉོན་མོངས་ཅན་ནི་མེད་དེ། ཉེར་བསྡོགས་འདི་དག་ནི་འདོད་ཆགས་དང་བྲལ་བར་བྱེད་པའི་ལམ་ཡིན་པའི་ཕྱིར། དམིགས་བསལ་དུ་དང་པོའི་ཉེར་བསྡོགས་ལ་ནི་ཟག་མེད་ཀྱང་ཡོད་དེ། ཤིན་ཏུ་གསལ་བས་མཐོང་ལམ་སོགས་འཇིག་རྟེན་ལས་འདས་པའི་ལམ་ཐམས་ཅད་ཀྱི་རྟེན་དུ་རུང་བའི་ཕྱིར་དང་། བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་མེད་ལ་བརྟེན་པའི་ལམ་གྱིས་ས་རང་ས་འོག་ས་གོང་སའི་ཉོན་མོངས་ཐམས་ཅད་སྤོང་ནུས་པའི་ཕྱིར་རོ། །ཞེས་གསུངས། ཀུན་མཁྱེན་རོང་སྟོན་གྱི་མངོན་མཛོད་རྣམ་བཤད་ཤེས་བྱ་རབ་གསལ་ལས། ཉེར་བསྡོགས་ཀྱི་ཁྱད་པར་ནི། ཉེར་བསྡོགས་དུ་ཡོད་ཅེ་ན། སྙོམས་འཇུག་བརྒྱད་པོ་དེ་དག་ལ་འཇུག་པའི་ཉེར་བསྡོགས་ཀྱང་བརྒྱད་དེ། འདིར་འཇུག་ཚུལ་ཞིབ་ཏུ་བཤད་ལ། མངོན་པ་གོང་མར་ཡིད་ལ་བྱེད་པ་བདུན་བདུན་གྱིས་འཇུག་པར་བཤད་དེ། མཚན་ཉིད་རབ་ཏུ་རིག་པའི་ཡིད་ལ་བྱེད་པ་ནི། ས་གོང་མ་ལ་ཞི་བ་དང་། འོག་མ་ལ་རགས་པར་ལྟ་བ་ཐོས་བསམ་འདྲེས་པའི་ཡིད་བྱེད་དོ། །མོས་པ་ལས་བྱུང་བའི་ཡིད་བྱེད་ནི། དམིགས་རྣམ་དེ་ཉིད་སྒོམ་བྱུང་ཁོ་ནས་རྩེ་གཅིག་པར་སྒོམ་པའོ། །རབ་ཏུ་དབེན་པ་ལས་བྱུང་བའི་ཡིད་བྱེད་ནི། འོག་སའི་ཉོན་མོངས་ཆེན་པོ་གསུམ་སྤོང་པའོ། །དགའ་བ་སྡུད་པའི་ཡིད་བྱེད་ནི། ཤིན་ཏུ་སྦྱངས་པའི་དགའ་བ་དང་ལྡན་ཞིང་འདོད་པའི་ཉོན་མོངས་འབྲིང་པོ་གསུམ་སྤོང་པའོ། །སྤྱོད་པའི་ཡིད་བྱེད་ནི། རྒྱུད་ལ་ཉོན་མོངས་པའི་ལྷག་མ་ཡོད་མེད་རྟོག་པར་བྱེད་པའོ། །སྦྱོར་བ་མཐའི་ཡིད་བྱེད་ནི། ཉོན་མོངས་པ་ཡོད་མེད་བརྟགས་པས་ཅུང་ཟད་ཡོད་པར་རིག་ནས་གཉེན་པོ་བསྒོམས་ཏེ་ཆུང་ངུ་གསུམ་སྤོང་པའོ། །སྦྱོར་བ་མཐའི་འབྲས་བུ་ཡིད་བྱེད་ནི། གོང་མའི་དངོས་གཞིར་གྱུར་པའི་ཡིད་བྱེད་དོ། །བསྡུ་བ་ལས་ནི་དེ་མཉམ་བཞག་གི་དངོས་གཞི་ཡིན་པས་སོ། །ཁ་ཅིག་ནི་ཉོན་མོངས་ཅན་དང་གསུམ་དུ་འདོད་དེ། དངོས་གཞི་ལ་འགྲན་སྙེགས་པས་སོ། །ཞེས་གསུངས་སོ། །

{{#arraymap:ཉེར་བསྡོགས་

|; |@@@ | | }}