2087

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་མཁྱེན་དོལ་པོ་པ་ (1)
Part of speech མིང་ཚིག
Definition ཀུན་མཁྱེན་རྟོན་པ་བཞི་ལྡན། རྗེ་ཇོ་ནང་པ་ཆེན་པོ། ཀུན་མཁྱེན་དོལ་པོ་སངས་རྒྱས། ཆོས་རྗེ་ཐམས་ཅད་མཁྱེན་པ། ཆོས་རྗེ་ཀུན་མཁྱེན་ཆེན་པོ། ཀུན་མཁྱེན་ཤེས་རབ་རྒྱལ་མཚན། དོལ་པོ་པ་ཤེས་རབ་རྒྱལ་མཚན་བཅས་ནི་མཚན་གྱི་རྣམ་གྲངས་ཡིན། ཁོང་ཡུལ་མངའ་རིའི་ཀ་ཡོ་རིའི་གྲོང་ཁྱེར་དུ་ཡབ་ཡེ་ཤེས་དབང་ཕྱུག་དང༌། ཡུམ་ལྷ་མོ་ཚུལ་ཁྲིམས་རྒྱན་ཞེས་བྱ་བའི་སྲས་སུ་ཕྱི་ལོ་ ༡༢༩༢ ཆུ་ཕོ་འབྲུག་ལ་སྐུ་བལྟམས། དེ་ཡང་གཙུག་ཏོར་རྣམ་པར་རྒྱལ་མའི་རྒྱུད་སོགས་མདོ་རྒྱུད་དུ་མར་ལུང་བསྟན་པའི་ཆོས་རྗེ་རིན་པོ་ཆེ་དགུང་ལོ་ལྔ་ནས་བཅུའི་བར། སྐུ་ཞང་བྱང་ཆུབ་སེང་གེ་སོགས་ལ་བརྟེན་ནས་གསང་སྔགས་རྙིང་མའི་ཆོས་ལ་བསླབས། དེ་ནས་སྟེང་ཤོད་དུ་བྱོན་ནས་སྐྱི་སྟོན་འཇམ་དབྱངས་གྲགས་པའི་ཞབས་ལ་གཏུགས། དགུང་ལོ་བཅུ་གཅིག་ནས་མཁན་པོ་ཚུལ་ཁྲིམས་སྙིང་པོ་སོགས་ལས་དགེ་ཚུལ་གྱི་སྡོམ་པ་བླངས། མཚན་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བར་བཏགས་ཤིང་ཀ་རི་ཀ་དང་གཞུང་འགྲེལ་སོགས་བསླབ་བྱ་ཐམས་ཅད་གསན་ནས་སོ་ཐར་སྡོམ་ལྡན་གྱི་མཆོག་ཏུ་གྱུར། དགུང་ལོ་ཉེར་གཅིག་སྟེང་ས་སྐྱར་བྱོན་ནས་སློབ་གཉེར་མཐར་ཕྱིན་པ་གནང་། དགུང་ལོ་ཉེར་ལྔ་ནས་ས་སྐྱར་ཆོས་ཁྲི་ལ་བཞུགས་ནས། བླ་མ་དགེ་འདུན་སྟོང་ཕྲག་ཙམ་ལ་ཕར་ཚད་མངོན་འདུལ་བཞིའི་བཤད་པ་ཕུན་སུམ་ཚོགས་པ་དུས་གཅིག་ལ་མཛད་པས་གྲགས་པ་ཆེ། དགུང་ལོ་སོ་གཅིག་སྟེང་ཇོ་ནང་དུ་བྱོན་ནས་ཆོས་རྗེ་ཡོན་ཏན་རྒྱ་མཚོའི་དྲུང་ནས་སྦྱོར་དྲུག་ལ་སོགས་ཟབ་མོའི་ཆོས་སྐོར་ཐམས་ཅད་གསན་པས་ཉམས་མྱོང་ཁྱད་པར་ཅན་སྐྱེས། རྒྱུད་འགྲེལ་ལ་སོགས་བཀའ་ཆོས་ཐམས་ཅད་གསན་ཏེ་རྡོ་རྗེ་ཚིག་གི་མདུད་པ་གྲོལ་ཞིང༌། རྩིས་དང་ལྷ་བྲི་ལ་སོགས་ཞོར་ལ་མཛད། དགུང་ལོ་སོ་ལྔ་ནས་ཇོ་ནང་གདན་ས་མཛད། གདུལ་བྱ་ཐམས་ཅད་སྨིན་གྲོལ་ལམ་ལ་སྦྱར་ནས་དེའི་ལོ་གཉིས་ན་ཡོན་ཏན་རྒྱ་མཚོ་ཞི་བར་གཤེགས་རྫོངས་སུ་སྐུ་འབུམ་ཆེན་པོ་འཛམ་གླིང་རྒྱན་བཞེངས། དུས་འཁོར་ས་བཅད་ལ་སོགས་དུས་འཁོར་ཆ་ལག་བཅོ་བརྒྱད་དང༌། ངེས་དོན་རྒྱ་མཚོ་ལ་སོགས་གྲུབ་མཐའི་ཆོས་སྐོར་བཅུ་དྲུག ཡུམ་གྱི་མཆན་བུ། གསོལ་འདེབས་ཉེར་ལྔ། ཐུགས་རྗེ་ཆེན་པོའི་ཆོས་སྐོར་ཉེར་གསུམ། བསྟོད་སྐོར་བཅུ་བཞི། སྐུ་འབུམ་ཆེན་པོའི་ཆོས་སྐོར་ལྔ། རྡོ་རྗེ་ཕྲེང་བའི་དབང་སྐོར་གསུམ། སྤྲིངས་ཡིག་བརྒྱད། སྨོན་ལམ་གསུམ། བཀྲ་ཤིས་བཞི་སྟེ་གསུང་ཆོས་དོན་ལྔ་གསུངས་པས་ཐུབ་བསྟན་གསལ་བར་མཛད། ལོ་ཙཱ་བ་བློ་གྲོས་དཔལ་ལ་གདན་ས་གཏད་ཅིང་། དགུང་ལོ་རེ་གསུམ་ནས་ལོ་ཙྪ་བ་ཆེན་པོ་ཞི་བར་གཤེགས་ནས། ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་ལ་གདན་ས་གཏད། རྫུ་འཕྲུལ་དང་གྲུབ་རྟགས་ཡང་མང་དུ་མཛད། དགུང་ལོ་བདུན་ཅུ་ཐམ་པར་ཐུགས་ཀྱི་དགོངས་པ་མཐའ་དག་རྫོགས་པའི་ཚེ། ལྕགས་མོ་གླང་གི་ལོ་ལ་ཞི་བར་གཤེགས་པའི་ཚུལ་བསྟན་ནས། ས་གཡོས་པ་དང༌། འཇའ་འོད་དང་མེ་ཏོག་གི་ཆར་བ་ལ་སོགས་པ་ངོ་མཚར་བའི་ལྟས་དཔག་ཏུ་མེད་པ་བྱུང་ངོ་། །

{{#arraymap:ཀུན་མཁྱེན་དོལ་པོ་པ་

|; |@@@ | | }}