20993

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཏྲེ་ཧོར་བློ་བཟང་བཀྲ་ཤིས་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཉིས་པའི་ས་ལུག་ཕྱི་ལོ་ ༡༧༣༩ ལོར་མདོ་ཁམས་ཏྲེ་ཧོར་དུ་ཡབ་པདྨ་ཚེ་རིང་དང་། ཡུམ་བུ་མོ་མཆོག་གཉིས་ཀྱི་སྲས་སུ་འཁྲུངས། བརྒྱད་པར་དར་རྒྱས་དགོན་དུ་ཞུགས། ཐུན་མོང་རིག་གནས་དང་། འདོན་ཆོས་རྣམས་ལ་བྱང་པར་མཛད། ཉི་ཤུ་བར་དབུས་སུ་ཕེབས། སེར་བྱེས་གྲྭ་ཚང་དུ་ཞུགས། མཁས་གྲུབ་བྱམས་པ་སྨོན་ལམ་སོགས་བསྟེན། བསྡུས་གཞུང་དང་། གཞུང་བཀའ་པོད་ལྔ། ལེགས་བཤད་སྙིང་པོའི་བཤད་ལུང་བཅས་ལ་ཐོས་བསམ་མཛད། ལྷ་རམས་པའི་མཚན་བཏགས་བཞེས། ཏྲེ་ཧོར་བློ་བཟང་རྟེན་འབྲེལ་ལས་རབ་བྱུང་དང་། དགེ་ཚུལ་བསྒྲུབས། ཉེར་ལྔ་བར་པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ལས་བསྙེན་པར་རྫོགས། ལམ་རིམ་དང་། བདེ་ལམ། ལམ་རིམ་བསྡུས་དོན་གྱི་བཤད་ལུང་བཅས་དང་། གསང་བདེ་འཇིགས་གསུམ་སོགས་ཀྱི་དབང་ཆེན་རྣམས་ཞུས། གཞན་ཡང་བྲག་རི་ངག་དབང་དོན་གྲུབ་དང་། ཀློང་རྡོལ་བླ་མ་ངག་དབང་བློ་བཟང་། བློ་བཟང་སྙན་གྲགས་སོགས་བསྟེན། སྨད་རྒྱུད་ལུགས་ཀྱི་ཁྲིད་ཆེན་བརྒྱད། འགྲེལ་བ་བཞི་སྦྲགས། སྦས་དོན་ཀུན་གསལ། རིམ་ལྔ་གསལ་སྒྲོན། བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ། སྒྲུབ་ཐབས་རྒྱ་མཚོ། མགོན་ཆེན་བཅུ་གསུམ་སོགས་ཀྱི་དབང་ལུང་ཁྲིད་གསུམ་མཐའ་ཡས་པ་གསན། སོ་གསུམ་པར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཞུགས། མཁན་ཆེན་ངག་དབང་དཔལ་ལྡན་སོགས་བསྟེན། གསང་སྔགས་ཀྱི་གཞུང་དང་། ཆོ་ག་ཕྱག་ལེན་བཅས་ལ་བྱང་བར་མཛད། སོ་བདུན་པར་རྒྱུད་པའི་བླ་མ་དབུ་མཛད་ཀྱི་ཁྲི་དང་། ཞེ་བདུན་པར་རྒྱུད་པའི་མཁན་ཁྲི། ཞེ་དགུ་བར་བྱང་རྩེའི་ཁྲི་བཅས་ལ་རིམ་བཞིན་བཞུགས། པེ་ཅིང་གྱི་གཡུང་དགོན་དང་། དར་མདོ་ལྔ་མཆོད་དགོན་པ། འབའ་ཆོས་སྡེ། ལི་ཐང་ཐུབ་ཆེན་བྱམས་པ་གླིང་། རྫི་མཐོ་དགོན་སོགས་སུ་བཀའ་ཆོས་གསུངས། ང་དྲུག་པ་རབ་བྱུང་བཅུ་གསུམ་པའི་ཤིང་སྟག་ཕྱི་ལོ་ ༡༧༩༤ ལོར་དགའ་ལྡན་གསེར་ཁྲིར་བཞུགས། གསེར་ཁྲི་ལོ་བརྒྱད་རིང་བསྐྱངས། སྐུ་གསུང་ཐུགས་རྟེན་མང་དུ་བཞེངས། ཡངས་པ་ཅན་གྱི་སྟེང་ཤོད་རྒྱ་ཕིབས་སོགས་ཀྱང་ཞིག་གསོས་མཛད། རེ་གསུམ་པ་རབ་བྱུང་བཅུ་གསུམ་པའི་ལྕགས་བྱ་ཕྱི་ལོ་ ༡༨༠༡ ལོར་ལྷ་ལྡན་ཁྲི་ཐོག་ཁང་དུ་སྐུ་གཤེགས། དགའ་ལྡན་གསེར་ཁྲིའི་ཁྲི་རབས་རེ་བཞི་བ་ཡིན།
Synonyms བྱང་རྩེ་བློ་བཟང་བཀྲ་ཤིས།

{{#arraymap:ཏྲེ་ཧོར་བློ་བཟང་བཀྲ་ཤིས་

|; |@@@ | | }}