21555

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐབས་ལ་མཁས་པར་རིག་པར་བྱ་བ་སོ་གཉིས་ (1)
Part of speech མིང་ཚིག
Definition འཕགས་པ་མིའམ་ཅིའི་རྒྱལ་པོ་སྡོང་པོས་ཞུས་པའི་མདོ་ལས་བྱུང་བ་སྟེ། ༡ བྱང་ཆུབ་སེམས་དཔའ་བདག་ཟད་པར་མི་བྱེད་པས་སེམས་ཅན་ལ་ལྟ་བ། ༢ སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བསོད་ནམས་ཆེན་པོ་ལ་གནས་པ། ༣ སེམས་ཅན་ཐམས་ཅད་ཀྱི་སྦྱིན་གནས་ཀྱི་ཕྱིར་སྦྱིན་གནས་མི་ཚོལ་བ། ༤ སེམས་ཅན་དབུལ་པོ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རྒྱ་ཆེན་པོ་དོན་དུ་མི་གཉེར་བ། ༥ སེམས་ཅན་ཐམས་ཅད་ངག་བསྡམ་པ་ལ་སྦྱར་བའི་ཕྱིར་ལྐུགས་པ་དང༌། དིག་པ་ལྟ་བུར་སྟོན་པ། ༦ བུད་མེད་དང༌། བུ་མོ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བུད་མེད་ཡོངས་སུ་འཛིན་པ། ༧ ཁྱེའུ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཁྱེའུའི་གཟུགས་སུ་སྟོན་པ། ༨ སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་མཐུན་པར་བྱ་བའི་ཕྱིར་གཟུགས་ཐམས་ཅད་སྟོན་པ། ༩ སེམས་ཅན་མྱོས་པ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་མྱོས་པ་མ་ཡིན་ཡང་མྱོས་པའི་ལུས་སུ་སྟོན་པ། ༡༠ དེ་ལ་མོས་པའི་སེམས་ཅན་རྣམས་ལ་ཆོས་སྟོན་པའི་ཕྱིར་སྨྱོན་པ་དང༌། སེམས་གཡེང་བའི་གཟུགས་སུ་སྟོན་པ། ༡༡ སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ལོ་བརྒྱར་བསགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་འདོར་བ། ༡༢ ཆོས་འཛིན་དུ་གཞུག་པའི་ཕྱིར་སེམས་ཅན་རྣམས་ལ་དགའ་བ་དང༌། ཐམས་ཅད་ལ་རྩེ་བ་དང༌། ལོངས་སྤྱོད་སྟོན་པ། ༡༣ དེ་ལ་མོས་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་གཡོན་ཅན་མ་རུངས་པས་འཚོ་བའི་ལུས་སུ་སྟོན་པ། ༡༤ བུད་མེད་གང་ཚོང་དཔོན་དང༌། ཁྱིམ་བདག་དང༌། རྒྱལ་པོའི་ཆུང་མར་གྱུར་པ་བུ་མེད་པ་བུའི་ཚེ་འདོད་པའི་མྱ་ངན་གྱི་ཟུག་རྔུ་དང་ལྷན་ཞིང་སྡུག་བསྔལ་གྱི་ཚོར་བ་མྱོང་བ་ལ་དེ་ན་བྱང་ཆུབ་སེམས་དཔས་དེ་དག་དགེ་བ་ལ་དད་ཅིང་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དེའི་བུར་ཁས་ལེན་པ། ༡༥ འབྲོག་དགོན་པར་སོང་བའི་སེམས་ཅན་དབུལ་པོ་ལ་བཟའ་བ་དང༌། བཏུང་བ་དང༌། ནོར་སྦྱིན་ཞིང་བགོ་བཤའ་བྱ་བའི་ཕྱིར་མགྲོན་པོ་མང་པོའི་ནང་དུ་དེད་དཔོན་དུ་འགྱུར་བ། ༡༦ གཏེར་ཆེན་པོ་མདུན་དུ་བཞག་སྟེ་ནོར་གྱི་ཕུང་པོ་ཆེན་པོ་བྱིན་ནས་ཆོས་སྟོན་པ། ༡༧ མྱ་ངན་གྱི་ཟུག་རྔུ་དང་ལྡན་པའི་སེམས་ཅན་རྣམས་ཀྱི་མྱ་ངན་གྱི་ཟུག་རྔུ་བསལ་ནས་རྫུ་འཕྲུལ་གྱིས་ཆོས་སྟོན་པ། ༡༨ གཏེར་སྟོན་པའི་སེམས་ཅན་རྣམས་ཀྱི་མདུན་དུ་གཏེར་ཆེན་པོ་ཉེ་བར་བསྟན་ནས་འཚོ་བ་ཡོངས་སུ་དག་པར་བྱ་བའི་ཕྱིར་ཆོས་སྟོན་པ། ༡༩ དེ་དག་སངས་རྒྱས་ཀྱི་བསྟན་པ་ལ་གཞུག་པའི་ཕྱིར་གཞན་མུ་སྟེགས་ཅན་སྤྱོད་པ་ཅན་དང༌། ཀུན་ཏུ་རྒྱུ་བ་རྣམས་ཀྱི་ནང་དུ་རབ་ཏུ་འབྱུང་བ། ༢༠ སེམས་ཅན་འདོད་ཆགས་ཀྱི་ལྕགས་ཀྱུས་ཟིན་པ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྨད་ཚོང་བའི་ཁྱིམ་དང༌། སླས་ཀྱི་ནང་དུ་བུ་མོའི་གཟུགས་མཛེས་པ་བལྟ་ན་སྡུག་པར་སྟོན་པ། ༢༡ སེམས་ཅན་རྣམས་མོས་པ་ཇི་ལྟ་བ་བཞིན་དུ་ཆོས་ཀྱིས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འདུས་པ་ཆེན་པོ་དང༌། ཚོགས་པ་མང་པོའི་ནང་དུ་རྔ་དང༌། རྔ་མྲི་དང་ག་དང༌། རྔ་པ་ན་བ་དང༌། དུང་གི་སྒྲས་ས་ཆེན་པོ་མཛེས་པར་བྱས་ནས་བདག་ཉེ་བར་སྟོན་ཅིང་སེམས་ཅན་འདུས་པ་དེ་དག་ལ་རོལ་མོའི་དབྱིངས་སྒྲ་དེ་དག་ལས་ཆོས་སྟོན་པའི་སྒྲ་འབྱིན་ཅིང་བཟོའི་གནས་ཐམས་ཅད་ཉེ་བར་སྟོན་པ། ༢༢ མྱ་ངན་དུ་སོན་པའི་འགྲོན་པ་བཟའ་བ་དང༌། བཏུང་བ་ཟད་པ་ལ་མངོན་པར་ཤེས་པ་ཆེན་པོས་རྣམ་པར་རྩེ་ཞིང་དེའི་སྟོབས་ཀྱིས་བཟའ་བ་དང༌། བཏུང་བ་བྱིན་ནས་བཀྲེས་པ་དང་བྲལ་ཞིང་སྐོམ་པ་དང་བྲལ་བའི་སེམས་ཅན་རྣམས་ལ་ཆོས་སྟོན་པ། ༢༣ སེམས་ཅན་གང་དག་དམུས་ལོང་དུ་གྱུར་པ་དེ་དག་གི་ནང་དུ་དམུས་ལོང་ལྟ་བུར་གྱུར་ནས་དབུལ་པོ་མིག་མེད་པ་དེ་དག་ལ་རྫུ་འཕྲུལ་གྱི་སྟོབས་ཀྱིས་བཟའ་བ་དང༌། བཏུང་བ་འབྱོར་བར་བྱས་ནས་མིག་བྱིན་ཏེ་ནང་གི་གཟུགས་བསྟན་ནས་ཇི་ལྟར་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་བ་དེ་ལྟ་དེ་ལྟར་ཆོས་སྟོན་པ། ༢༤ རྒྱལ་པོའི་ཁྲི་མོན་དུ་བཅུག་པའི་སྲོག་ཆགས་བརྒྱ་ཕྲག་དུ་མ་གཡོན་ཅན་སྣ་ཚོགས་དང་ལྡན་པ་དེ་དག་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བསམ་བཞིན་དུ་བདག་རྐུན་པོར་སྟོན་ཅིང་དེ་གཡོན་ཅན་ནོ། །ཞེས་ཤེས་པར་བྱས་ནས་ཁྲི་མོན་དུ་བཅུག་པ་དང༌། དེ་དེར་ཞུགས་ནས་རྫུ་འཕྲུལ་གྱི་སྟོབས་ཀྱིས་བཅིངས་པ་དེ་དག་གི་ལུས་བཀྲུས་ཤིང་བསྐུས་ཏེ་གོས་བཟང་པོ་བསྐོན་ནས་བཟའ་བ་དང༌། བཏུང་བས་ལུས་ཚིམ་པར་བྱས་ཏེ་བཅིངས་པ་དམ་པོ་དེ་དག་ལས་བཀྲོལ་ནས་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་བ་དེ་ལྟ་བུར་ཆོས་སྟོན་པ། ༢༥ སེམས་ཅན་གང་དག་རྒྱལ་པོས་གསད་པར་དཀྲི་བ། སྲོག་འཆི་བའི་འཇིགས་པ་ཐོབ་པ། སྡུག་བསྔལ་གྱིས་ཉམ་ཐག་པ་དེ་དག་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྫུ་འཕྲུལ་གྱིས་གཞན་དག་ཅིག་སྤྲུལ་ཏེ་རྫུ་འཕྲུལ་གྱིས་གཤེད་མ་ལ་དཀྲིས་ནས་གསད་པར་འོས་པའི་མི་དེ་དག་བཅིངས་པ་དེ་ལས་བཀྲོལ་ཏེ་འཇིགས་པ་དང་བྲལ་བ་སྲོག་རྙེད་པ་དང༌། དབུགས་ཕྱིན་པ་དེ་དག་ལ་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་བ་དེ་ལྟ་དེ་ལྟ་བུར་ཆོས་སྟོན་པ། ༢༦ ཕྱོགས་གང་ན་དོན་དང༌། ནོར་དང༌། ཞིང་དང༌། ཁྱིམ་གྱི་དངོས་པོ་དང༌། བྲན་ཕོ་དང༌། བྲན་མོ་དང༌། ལས་བྱེད་པ་དང༌། དམག་མིའི་ཕྱིར་འཐབ་པ་དང༌། རྩོད་པ་དང༌། འགྱེད་པ་དང༌། མཚང་འདྲུ་བར་གྱུར་པ་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ཀྱིས་དབུས་སུ་འདུག་ནས་རྫུ་འཕྲུལ་གྱིས་དོན་དང༌། ནོར་དང༌། རིན་པོ་ཆེ་ཡོངས་སུ་བཏང་སྟེ་དེ་དག་འདུམ་པར་སྦྱོར་རོ། །དེ་དག་འདུམ་པར་རིག་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་པ། ༢༧ བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པས་ཡན་ལག་དང༌། ཉིང་ལག་ཐམས་ཅད་ཀྱིས་དབང་པོ་ཉམས་པ་མེད་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དབང་པོ་ཉམས་པར་ཡང་སྟོན་པ། ༢༨ སྤྱོད་ལམ་ཕུན་སུམ་ཚོགས་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྤྱོད་ལམ་ཐམས་ཅད་འཁྲུགས་པར་ཡང་བྱེད་པ། ༢༩ བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པས་གཞན་མུ་སྟེགས་ཅན་སྟོན་པ་དང༌། རིང་དུ་གནས་པ་བདུད་ཀྱི་སྤྱོད་ཡུལ་ལ་སྤྱོད་པ། བདུད་ཀྱིས་བྱིན་གྱིས་བརླབས་པའི་མུ་སྟེགས་ཅན་དེ་དག་སངས་རྒྱས་ཀྱི་བསྟན་པ་ལ་དགུག་པའི་ཕྱིར་དེ་དག་གི་མདུན་དུ་དཀོན་མཆོག་གསུམ་གྱི་བསྔགས་པ་བརྗོད་པ། ༣༠ བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་རྣམས་ལས་ལོག་ནས་བསམ་བཞིན་དུ་འདོད་པའི་ཁམས་སུ་སྐྱེ་སྟེ། མྱ་ངན་ལས་འདས་པ་འདོད་པ་རྣམས་ལ་སྐྱེ་བའི་སྡུག་བསྔལ་བསྟན་ནས་དབེན་པ་ཐོབ་པ་རྣམས་བླ་མའི་ལམ་སྒོམ་དུ་གཟུད་པའི་ཕྱིར་མྱ་ངན་ལས་འདས་པ་སྟོན་པ། ༣༡ སྐྱོན་མེད་པ་ལ་མ་ཞུགས་པ་ལ་མྱ་ངན་ལས་འདས་པར་འགྲོ་བར་འདུན་པ་རྣམས་ཀྱི་མདུན་དུ་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་སངས་རྒྱས་ཀྱི་སྐུ་སྟོན་པ། ༣༢ སངས་རྒྱས་ལ་དད་པ་ཐོབ་ཅིང་། སེམས་མཉམ་པར་བཞག་པ་རྣམས་བྱང་ཆུབ་ཀྱི་སེམས་ལེན་དུ་གཟུད་པའི་ཕྱིར་རྐྱེན་འདི་ཤེས་པ་ལ་འཇུག་པ་ཉེ་བར་སྟོན་པ་སྟེ། མི་འམ་ཅིའི་བདག་པོ། རྣམ་པ་སུམ་ཅུ་རྩ་གཉིས་པོ་འདི་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པར་རིག་པར་བྱའོ། །
Domain ཆོས་ལུགས།

{{#arraymap:ཐབས་ལ་མཁས་པར་རིག་པར་བྱ་བ་སོ་གཉིས་

|; |@@@ | | }}