22590

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེག་ཆེན་བཀའ་བསྡུ་ (1)
Part of speech མིང་ཚིག
Definition རྟོག་གེ་འབར་བར། རྩ་བ་བསྡུ་བར་བྱེད་པ་ནི་ཀུན་ཏུ་བཟང་པོ་དང་འཇམ་དཔལ་དང་གསང་བའི་བདག་པོ་དང་བྱམས་པ་ལ་སོགས་པ་རྣམས་ཀྱིས་བསྡུས་པའི་ཕྱིར་བདག་ཅག་གི་རྩ་བའི་སྡུད་པར་བྱེད་པ་ཉན་ཐོས་ནི་མ་ཡིན་ཏེ་ཐེག་པ་ཆེན་པོའི་གསུང་རབ་ནི་དེ་དག་གི་ཡུལ་མ་ཡིན་པའི་ཕྱིར་རོ། །ཞེས་འབྱུང་ཞིང་། བླ་མ་རྣམས་ཀྱི་གསུང་སྒྲོས་ལ། ལྷོ་ཕྱོགས་བི་མ་ལ་ཡ་སམྦྷ་ཞེས་པའི་རིའི་ཕུག་ཏུ་རྒྱལ་བའི་སྲས་བྱེ་བ་ཕྲག་མང་པོ་འདུས་ཏེ། འཕགས་པ་འཇམ་དཔལ་གྱིས་མངོན་པའི་སྡེ་སྣོད་དང། བྱམས་པས་འདུལ་བ་དང། ཕྱག་ན་རྡོ་རྗེས་མདོ་སྡེ་བསྡུས་པར་གླེེང་ངོ་། །འཕགས་པ་ཀུན་ཏུ་བཟང་པོ་དང་ཕྱག་ན་རྡོ་རྗེ་དང་ཀུན་དགའ་བོ་ནི་མཚན་ཐ་དད་ཙམ་ཡིན་ནོ། །གསང་སྔགས་བྱ་རྒྱུད་ཐམས་ཅད་འོད་སྲུངས་ཆེན་པོ་ལ་སོགས་པ་དགྲ་བཅོམ་པ་རྣམས་ཀྱིས་བསྡུས་པར་གསལ་ཏེ། སྤྱོད་རྒྱུད་དང་རྣལ་འབྱོར་རྒྱུད་ཕལ་ཆེར། ཕྱག་ན་རྡོ་རྗེས་བསྡུས་པར་རྣམ་སྣང་མངོན་བྱང་དེ་ཉིད་འདུས་པའི་འགྲེལ་བར་བཤད་ཅིང། བླ་མེད་ཀྱི་རྒྱུད་རྣམས་སྟོན་པ་པོ་དང་འཁོར་དང་སྡུད་པ་པོ་དོན་གཅིག་ཀྱང་ཞུ་བ་པོས་བསྡུས་པ་དང། ཕག་མོ་དང་མཱ་མ་ཀི་ལ་སོགས་པའི་ཡུམ་རྣམས་ཀྱིས་བསྡུས་པ་དང། དུས་འཁོར་རྩ་རྒྱུད་རྒྱལ་པོ་ཟླ་བ་བཟང་པོས་བསྡུས་པར་བཞེད་དོ། །གསང་སྔགས་ཀྱི་རྒྱུད་ཐམས་ཅད་ཕྱག་ན་རྡོ་རྗེས་བསྡུས་པར་མི་འགལ་ཏེ། གསང་སྔགས་དང་རིག་སྔགས་རྣམས་ཀྱི་བདག་པོ་ཡིན་པའི་ཕྱིར་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་ཉན་པ་པོ་དང། བསྟན་པ་བསྲུང་བ་དང། ཐུགས་ཀྱི་གསང་བའི་མཛོད་འཛིན་པ་པོ་ཡིན་པའི་ཕྱིར་རོ། །ཞེས་སྤོས་ཁང་པའི་སྡོམ་གསུམ་རྣམ་བཤད་གཞུང་ལུགས་ལེགས་བཤད་ལས་སོ། ། 2.ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་ཕལ་ཆེར་དང། བྱ་རྒྱུད་འགའ་ཞིག་ཀུན་དགའ་བོས་བསྡུས་ཤིང། སྤྱོད་རྒྱུད་དང། རྣལ་འབྱོར་རྒྱུད་འགའ་ཞིག་ཕྱག་ན་རྡོ་རྗེས་བསྡུས་པར་བཤད། བླ་མེད་ཀྱི་རྒྱུད་ཕལ་ཆེར་ནི་རང་རང་གི་ཞུ་བ་པོས་བསྡུས་ཏེ། བསྟན་པ་ཤིན་ཏུ་དར་བར་གྱུར་ནས་ཅུང་ཟད་ཉམས་དམས་པའི་ཚེ། སྟོན་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན་འཕགས་པ་ཀླུ་སྒྲུབ་བྱོན་ཏེ། སའི་སྟེང་དུ་སེང་གེའི་སྒྲ་ལན་གསུམ་དུ་བསྒྲགས་ནས་ཤིན་ཏུ་དར་བར་གྱུར་ཏོ། །སངས་རྒྱས་མྱ་ངན་ལས་འདས་ནས་ལོ་དགུ་བརྒྱ་ལ་ཉེ་བ་ན་ཐོགས་མེད་སྐུ་མཆེད་བྱོན་ཏེ། གཅེན་གྱིས་བྱམས་པ་བསྒྲུབས་པས་གྲུབ་སྟེ། དགའ་ལྡན་དུ་བྱོན་ནས་ཆོས་མངོན་པ་སྟོང་ཕྲག་བརྒྱ་པ་དང། བྱམས་པའི་ཆོས་ལྔ་ལ་སོགས་པ་གསན་ནས་འཛམ་གླིང་དུ་བྱོན་ཏེ། ཤིན་ཏུ་དར་བར་མཛད་དོ། །དེ་ཡི་རྗེས་ལ། ཐོགས་མེད་ཀྱིས་དབྱིག་གཉེན་ལ་བཤད། དེས་ཊ་ཀ་ར་ཎ་སྡེ་བརྒྱད་ལ་སོགས་པའི་བསྟན་བཅོས་མང་དུ་མཛད་དེ། ཐེག་པ་ཆེན་པོའི་ཆོས་བཤད་པས་སློབ་མ་ལ་འདུལ་བ་འཛིན་པ་ཡོན་ཏན་འོད། མངོན་པ་འཛིན་པ་ཁ་ཆེ་བློ་བརྟན། རིགས་པ་སྨྲ་བ་ཕྱོགས་ཀྱི་གླང་པོ། ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་འཛིན་པ་འཕགས་པ་གྲོལ་སྡེ་ལ་སོགས་པ་མང་དུ་བྱོན་ནོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས་སོ། །
Domain ཆོས་ལུགས།

{{#arraymap:ཐེག་ཆེན་བཀའ་བསྡུ་

|; |@@@ | | }}