22769

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེག་མཆོག་འཇིགས་མེད་དཔའ་བོ་ (1)
Part of speech མིང་ཚིག
Definition སྟག་ལུང་པའི་གདན་རབས་སུམ་ཅུ་པ། རབ་བྱུང་བཅུ་བཞི་པའི་མེ་ཕོ་འབྲུག་ཕྱི་ལོ་ ༡༨༥༦་ལོར་འདམ་ཤོད་ཁང་དམར་དཔོན་ཚང་དུ་ཡབ་གདོང་རིགས་བསོད་ནམས་ཕུན་ཚོགས་དང་རྒྱ་བཟའ་ནུ་རྡོག་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁྲི་ཆེན་གྲགས་པ་ཡོངས་ཁྱབ་ཀྱི་དྲུང་ནས་རབ་ཏུ་བྱུང་བའི་མཚན་ལ་གྲགས་པ་བསྟན་འཛིན་ཉི་མ་ཞེས་གསོལ། རྗེ་བཙུན་གང་ཤར་དབང་བྱེད་ཀྱི་དྲུང་དུ་བསྙེན་པ་རྫོགས་པའི་མཚན་ལ་ངག་དབང་བློ་བཟང་བསྟན་འཛིན་ཆོས་ཀྱི་ཉི་མ་བསྩལ། ཤིང་བྱ་ཕྱི་ལོ་༡༨༨༥ ལོར་སྟག་ལུང་པའི་གདན་སའི་ཁྲི་ལ་བཞུགས། གདན་ས་ཡར་མར་གཉིས་ཀ་ལ་གཟིགས་རྟོགས་རྒྱ་ཆེར་གནང་། རྗེ་གང་ཤར་དབང་བྱེད་ཀྱི་དྲུང་ནས་ཐོབ་པའི་རང་ལུགས་ཀྱི་ཟབ་ཆོས་ཡོངས་སུ་རྫོགས་པ་རྗེ་དྲུང་འཕྲིན་ལས་བྱམས་པའི་འབྱུང་གནས་ལ་བསྩལ་ཤིང་། མར་ཐང་གདན་སར་ཉམས་གསོ་ཟླ་བྲལ་མཛད། ཡ་མཚན་པའི་གྲུབ་རྟགས་རྫུ་འཕྲུལ་གྱི་གཏམ་བརྒྱུད་སྣ་ཚོགས་མངའ། ཏྲེ་ཧོར་ས་འདུ་ཚང་གི་བུ་ཞིག་མཛེ་ནད་ཕོག་པ་ཉིན་བདུན་ཁྲོ་ཟངས་ནང་དུ་བཙོས་པས་ནད་མེད་དུ་གྱུར་པ་དང་། མགོ་ལོག་དད་ལྡན་ཞིག་གི་ཕྲུག་གུ་ལམ་དུ་གྲོངས་པའི་རོ་ཁྱེར་ཡོང་སྟེ་འཕོ་བ་ཞུས་པ་ལྟར་ཐོལ་བྱུང་དུ་འཕོ་བ་སྐྲ་སེན་མ་གསུངས་པས་སྐྲ་དང་སེན་མོ་མ་གཏོགས་པ་བྱིས་པའི་རོ་མ་ལྷག་པ་དང་། རྡོ་དང་བྲག་ལ་ཕྱག་ཞབས་ཀྱིས་རྗེས་བཀང་པ་སོགས་ནས་བསྙོན་དུ་མེད་པ་ལྟ་བུར་མངོན། ཕྱིས་སུ་རིག་འཛིན་ཆོས་ཀྱི་སྒྲོལ་མ་ཞེས་པའི་རི་ཁྲོད་མ་ཞིག་རིག་མ་བསྟེན་པས་གྲྭ་པ་འགའ་རེས་ཁ་ཟེར་བ་ལ་དབེན་གནས་དེ་རང་དུ་གུ་རུ་རྡོ་རྗེ་གྲོད་ལོད་ཀྱི་སྐུར་བཞེངས་པའི་བྲག་རྡོ་ལ་ཞབས་ཀྱི་རྗེས་བྱུང་སྟེ། དབེན་གནས་དྲིའུ་ལུང་ཞབས་རྗེ་ལྷ་ཁང་འདི་བྱུང་བར་གྲགས། གླིང་ཚང་དང་སྡེ་དགེ་ནང་ཆེན་རི་ཆེ་སོགས་སུ་གདུལ་བྱ་འདུལ་བ་མཛད་ཅིང་། གཏེར་ཆེན་མཆོག་གྱུར་གླིང་པ་དང་འཇམ་དབྱངས་མཁྱེན་རྩེ་དབང་པོ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། ཀརྨ་མཁན་ཆེན་རིན་ཆེན་དར་རྒྱས་སོགས་ལས་མན་ངག་ཟབ་ཆོས་དང་གཞུང་ལུགས་མང་དུ་གསན་ཞིང་། གསུང་རྩོམ་པོད་གསུམ་འཇོག་གནང་མཛད། མཐར་དགུང་ལོ་དྲུག་ཅུ་ཤིང་ཡོས་ཕྱི་ལོ་ ༡༩༡༥ ལོར་སྐུ་གཤེགས། སློབ་མའི་གཙོ་བོ། རྗེ་དྲུང་འཕྲིན་ལས་བྱམས་པའི་འབྱུང་གནས་དང་། ཤུག་གསེབ་རྗེ་བཙུན་མ་རིག་འཛིན་ཆོས་ཉིད་བཟང་མོ། ས་སྐྱའི་བདག་ཆེན་དྲག་ཤུལ། བསམ་ལྡིང་རྡོ་རྗེ་འཕགས་མོ། འབྲི་གུང་སྐྱབས་མགོན་ཤར་ནུབ། འོན་རྒྱལ་སྲས་དང་དེ་མོ་སྲིད་སྐྱོང་། གྲུབ་དབང་ཚོགས་གཉིས་དང་ལོ་སེམས་པ། ནང་ཆེན་ཨ་ལྡེ་དང་དཔལ་འབར་སྤྲུལ་སྐུ། གང་ཤར་ཆོས་དབྱིངས་རང་གྲོལ་དང་ཞེ་ཆེན་རབ་འབྱམས་པ་བསྟན་པའི་རྒྱལ་མཚན། གསུང་སྤྲུལ་ཚེ་དབང་རིག་འཛིན་དང་ཐུགས་སྤྲུལ་ཚེ་དབང་རིན་ཆེན། འཕགས་མཆོག་ཀུན་དགའ་རྣམ་རྒྱལ་དང་མགར་བླ་བསོད་ནམས་རབ་བརྟན། རྩེ་སྤྲུལ་ངག་དབང་དཔལ་ལྡན་སོགས་མང་དུ་བྱུང་ངོ་། །། །

{{#arraymap:ཐེག་མཆོག་འཇིགས་མེད་དཔའ་བོ་

|; |@@@ | | }}