22884

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐོ་གྲུ་གུ་དགོན་བསམ་གཏན་འོད་གསལ་ཆོས་གླིང་ (1)
Part of speech མིང་ཚིག
Definition ཐོ་གྲུ་གུ་དགོན་བསམ་གཏན་འོད་གསལ་ཆོས་གླིང་། དགོན་འདིའི་གནས་ཡུལ། བོད་མདོ་ཁམས་ཆབ་མདོ། ཐོ་པ་གྲོང་ཁོངས་སུ་ཆགས་ཡོད། གྲུ་གུ་ཆོས་རྒྱལ་རྒྱ་མཚོ་སྐུ་ཕྲེང་དང་པོས་དགོན་འདི་ཕྱག་བཏབ་ནས་ད་བར་ལོ་ངོ་བཞི་བརྒྱ་ལྷག་གི་ལོ་རྒྱུས་ལྡན། འདིའི་སྐབས་སྐུ་ཚེ་ཧྲིལ་པོར་སྒྲུབ་པ་ཁོ་ན་གཙོ་བོར་མཛད་པ་ལས་དགོན་པ་རྒྱ་སྐྱེད་སོགས་ཀྱི་ངལ་བ་ཆེར་མ་མཛད་དོ། །སྐུ་ཕྲེང་གཉིས་པ་དབོན་ཀུན་དགའ་རྒྱ་མཚོའི་སྐུ་ཚེའི་སྨད་ལ་བྲག་གཡབ་དང་། ཆབ་མདོ། བེ་རུ། ལྷ་ཐོག་སོགས་སུ་འཕྲིན་ལས་རྒྱས། ལྷ་ཐོག་རྒྱལ་མོ་ཇོ་མོ་ཆོས་སྐྱིད་ཀྱིས་རྡོ་རྗེ་ཕྲེང་བའི་དབང་ཡོན་དུ། གྲུ་གུ་ཡེ་རྫུའི་གནས་དང་། ཉེ་འཁོར་གྱི་གནས་ཡུལ་ཕྱེད་ཙམ་སྒྲུབ་གནས་ཕུལ། ད་ལྟའི་དྲིལ་སྐྱིད་དུ་གྲགས་པའི་སར་ཕེབས་པ་དང་ཆིབས་དྲེལ་དེ་ཉལ་ནས་གཞན་དུ་འགྲོར་མ་ཉན་པས། ས་དཔྱད་དགོངས་ཕྱོགས་རྟེན་འབྲེལ་རྣམས་ལེགས་མཐུན་གྱིས་དེའི་ལུང་པའི་སྟོད་ཙམ་གྱི་དར་ཐག་ཕུག་ཏུ་སྒྲུབ་པའི་སྡེ་བཙུགས། གསུམ་པ་ཆོས་རྒྱལ་ལྷུན་འགྲུབ་བསྟན་འཛིན། བཞི་པ་པད་དཀར་ཤཱཀྱ་རྒྱ་མཚོ། ལྔ་པ་བླ་མ་བསྟན་འཛིན་དབང་པོ། དྲུག་པ། མདོ་བླ་བསྟན་འཛིན་རྒྱ་མཚོ། བདུན་པ་ཆོས་རྒྱལ་དོན་འགྲུབ་དཔའ་བོ། བརྒྱད་པ་ད་ལྟར་འཚོ་བཞུགས་ཆོས་རྒྱལ་མི་ཕམ་མཐུ་སྟོབས་བདེ་ཆེན་ཡོན་ཏན་རྒྱ་མཚོ་བཅས་ཕུལ་བྱུང་གི་སྐྱེས་བུ་ཤ་སྟག་བྱོན། གྲུ་གུ་བསོད་སྙིང་སྐུ་ཕྲེང་ལྔ་དང་། གྲུ་གུ་བླ་རྒན་དགེ་ལེགས་སྐུ་ཕྲེང་བདུན། གྲུ་གུ་ངག་དབང་རྒྱ་མཚོ་སྐུ་ཕྲེང་བཞི་དང་། གྲུབ་དབང་ཤཱཀྱ་ཤྲཱི་སོགས་རྟོགས་ལྡན་དང་སྒྲུབ་བླ་སོགས་གྲུབ་པའི་གོ་འཕང་བརྙེས་པ་མང་པོར་ཕེབས་འདུག། གཞན་སྐུ་གསུང་ཐུགས་ཀྱི་རྟེན་འགྲན་ཟླ་བྲལ་བ་དུ་མ་ཡོད་ཀྱང་རྒྱ་དམར་གྱི་ཉམ་ཉེས་འོག་ཕལ་ཆེར་དེང་གི་དུས་སུ་ཉིན་མོའི་སྐར་མ་ལྟར་སྣང་ངོ་། །སླར་ཡང་ཕྱི་ལོ་ ༡༩༨༤ ཡས་མས་ཙམ་དུ་དགོན་པ་སླར་གསོའི་མགོ་ཚུགས་ནས། དེང་སྐབས་དགོན་འདིར་སྤྲུལ་སྐུ་གསུམ་སྟེ། གྲུ་གུ་ཆོས་རྒྱལ་བརྒྱད་པ་མི་ཕམ་མཐུ་སྟོབས་བདེ་ཆེན་ཡོན་ཏན་རྒྱ་མཚོ་མཆོག་དང་། བླ་རྒན་དགེ་ལེགས་ཀྱི་སྐུ་ཕྲེང་བདུན་པ་ངག་དབང་དགེ་ལེགས་བསྟན་འཛིན་ནོར་བུ། བསོད་སྙིང་ཡང་སྲིད་མཁན་སྤྲུལ་པདྨ་དམ་ཆོས། ངག་དགེའི་ཡང་སྲིད་མཆོག་སྤྲུལ་ཉི་མ་རྒྱལ་མཚན་བཅས་བཞི་དང་། དེང་གི་དུས་སུ་བླ་གྲྭ་དྲུག་ཅུ་ལྷག་ཙམ་འཚོགས་ཏེ་སྔར་སྲོལ་གྱི་སྒྲུབ་མཆོད་ཁག་མ་ཉམས་གོང་སྤེལ་དང་། རྟེན་གཙུག་ལག་ཁང་དང་བརྟེན་པ་སྐུ་གསུང་ཐུགས་རྟེན་སོགས་གསར་བཞེངས་རྒྱ་ཆེར་མཛད་ཡོད། མཁན་སྤྲུལ་པདྨ་དམ་ཆོས་ནས་དཔེ་ཁྲིད་གནང་སྟེ་བཤད་གྲྭ་བ་བཞི་བཅུ་ལྷག་དང་། རྟོགས་ལྡན་བསྟན་འཛིན་རྣམ་རྒྱལ་མཆོག་ནས་སྒྲུབ་དཔོན་མཛད་དེ་སྒྲུབ་གྲྭ་བ་བརྒྱད་བཅས་བཞུགས་པ་བཅས་སོ། །

{{#arraymap:ཐོ་གྲུ་གུ་དགོན་བསམ་གཏན་འོད་གསལ་ཆོས་གླིང་

|; |@@@ | | }}