23704

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཀོན་མཆོག་རྒྱལ་མཚན་ (1)
Part of speech མིང་ཚིག
Definition འགྲོ་མགོན་དཀོན་མཆོག་རྒྱལ་མཚན་ནི་ཕྱི་ལོ་ ༡༣༦༤ ཤིང་འབྲུག་ལོ་དཔྱིད་ཟླ་ ༣ པའི་ཚེས་ ༤ ལ་སྨར་ཁམས་སྦྲ་རིགས་ཀྱི་ཁྱིམ་དུ་ཡབ་བླ་མ་འབུལ་དང་ཡུམ་དཀོན་མཆོག་གཉིས་ལས་སྐུ་འཁྲུངས། དགུང་ལོ་བཅུ་གསུམ་ལ་ཐུགས་རྗེ་བཟང་པོ་དང་རྒྱལ་མཚན་དབང་འདུས་ལས་རབ་ཏུ་བྱུང་། མཚན་དཀོན་མཆོག་རྒྱལ་མཚན་གསོལ། རྡོ་རྗེ་འབུམ་དང་དབང་རིན། ཐུགས་བཟང་སོགས་ལས་འདུལ་བ་སོགས་མདོ་གཞུང་ཐམས་ཅད་ཐོས་བསམ་སྒོམ་གསུམ་བྱས་པའི་མཁས་པ་ཆེན་པོ་གྱུར། དགུང་ལོ་ཉི་ཤུ་ལ་རྒྱལ་མཚན་དབང་འདུས། རྡོ་རྗེ་འབུམ། དར་མ་བ་སོགས་ལས་བསྙེན་པར་རྫོགས། སྤང་མཁན་ཆེན་འོད་ཟེར་བླ་མ་དང་རྒྱལ་བླ་མ་ལས་སྨར་ཚང་བཀའ་བརྒྱུད་ཀྱི་ཕྱག་ཆེན་མན་ངག་རྒྱ་མཚོ་སོགས་བཀའ་རྙིང་གི་གསང་ཆོས་ཟབ་མོ་ཐམས་ཅད་ཐོས་བསམ་སྒོམ་གསུམ་བྱས་པས་ཕྱག་ཆེན་གྱི་ལྟ་བ་དང་ཉམས་རྟོགས་ཟབ་མོ་ཐུགས་ལ་འཁྲུངས། ཙོམ་མདོ་གནས་གསར་དགོན་གྱི་རྒྱལ་ཚབ་མངའ་གསོལ་པས་སློབ་ཚོགས་སྟོང་ཕྲག་གཉིས་ལས་རྒལ་བར་བསྐྱངས། དགུང་ལོ་བཞི་བཅུ་ཞེ་གསུམ་ལ་བྲག་ཕུག་དང་ལྗོན་ཤིང་གི་དྲུང་དུ་སྒོམ་སྒྲུབ་མཛད་པས་ཤིང་འགོ་བ་ཞེས་ཀྱང་གྲགས། མངོན་རྟོགས་རྒྱན་ཚར་གཅིག་གཟིགས་པ་དང་སྦྱོར་ལམ་གྱི་དམིགས་པ་བཅུ་གཉིས་ཀྱི་ཉམས་ཤར་བས། ཆུ་བཅུད་ལེན་བཞེས་ནས་སྒོམ་སྒྲུབ་བྱས་པས་ཉམས་ལྷག་མ་ཐམས་ཅད་སད་པས་རྟོགས་མགུར་བླངས། དགུང་ལོ་ལྔ་བཅུ་ལ་སླར་ཙ་རི་ལ་ཕེབས་ནས་སྒོམ་ཁྲིད་དང་དབྱར་གནས་བཞུགས་དུས་དགེ་འདུན་ཁྲི་ཚོགས་འདུས། དགེ་འདུན་འདུལ་ཁྲིམས་དང་། ཡུལ་ལུང་གི་མི་མང་ལ་སྡིག་སྤོང་དགེ་སྒྲུབ་དགོས་ཚུལ་བསླབ་བྱ་མཛད། བྲག་དང་ཤིང་ལ་སངས་རྒྱས་བྱང་སེམས་རྣམས་ཀྱི་སྐུ་བརྙན་བརྐོས་པ་སོགས་མཛད་འཕྲིན་རྒྱ་ཆེར་བསྐྱངས། ཀོང་པོ་དང་གནས་ཙ་རི་ལ་བཀྲ་ཤིས་དགོན་པ་དང་། རིན་ཆེན་གླིང་དགོན་པ་སོགས་དགོན་པ་མང་པོ་བཏབ། རྟོགས་ལྡན་ཟླ་བས་རིན་ཆེན་རྒྱལ་མཚན་གྱི་སྐྱེ་སྤྲུལ་ཡིན་པ་ལུང་བསྟན། དགུན་ཟླ་བ་བཅུ་གཉིས་པའི་ཚེས་གཉིས་ལ་དགེ་འདུན་སྟོང་ལྔ་ལྷག་འདུས་པའི་དབུས་སུ་སྨར་ཚང་བཀའ་བརྒྱུད་ཀྱི་ལྟ་གྲུབ་ཉམས་ཁྲིད་བྱ་ཚུལ་གསུངས་གླེང་ཞིབ་ཕྲ་དང་བསྔོ་སྨོན་རྒྱས་པ་མཛད་ནས་བདེ་བར་གཤེགས། གདུང་མཆོད་ཕུལ་དུས་རིང་བསྲེལ་དང་གདུང་རུས་ལ་ཕྱག་ན་རྡོ་རྗེ་དང་ཡིག་འབྲུ་མང་པོ་འཁྲུངས། རྗེ་འདིས་དགོན་པ་བརྒྱད་ཕྱག་བཏབ། སློབ་མ་གཙོ་བོ་ཆོས་ཀྱི་རྡོ་རྗེ། དཀོན་མཆོག་ཉི་མ། རིན་ཆེན་རྡོ་རྗེ། ཡེ་ཤེས་རྡོ་རྗེ། གྲུབ་དབང་དོན་ལྡན། བསོད་ནམས་ཚེ་རིང་། དབང་ཕྱུག་སེངྒེ་བཅས་བུ་ཆེ་བརྒྱད། རྟོགས་ལྡན་ཟླ་བའི་གཞོན་ནུ་སོགས་གྲུབ་ཐོབ་མང་དུ་བྱོན། གསུང་རྩོམ་ཡང་རྟོགས་མགུར། སྨར་ཚང་ཉམས་ཁྲིད། བསྐྱེད་རྫོགས་ཀྱི་ཉམས་ཁྲིད། གཏུམ་མོའི་རྣམ་བཤད་སོགས་མང་དུ་བཞུགས་སོ། །

{{#arraymap:དཀོན་མཆོག་རྒྱལ་མཚན་

|; |@@@ | | }}