24628

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་འདུན་རྒྱ་མཚོ་ (1)
Part of speech མིང་ཚིག
Definition ཁོང་ནི་གཙང་རྟ་ནག་བསྲེགས་ཏེ་བཞད་མཐོང་སྨོན་རྫོང་ཁོངས་སུ་གསང་སྔགས་གསར་རྙིང་གི་བསྟན་པའི་བདག་པོ་རྡོ་རྗེ་འཆང་ཀུན་དགའ་རྒྱལ་མཚན་དང༌། མ་གཅིག་ཀུན་དགའ་དཔལ་མོའི་སྲས་སུ་རབ་བྱུང་བརྒྱད་པའི་མེ་སྤྲེལ་ཕྱི་ལོ་ ༡༤༧༦ ལོར་སྐུ་འཁྲུངས། མཚན་སངས་རྒྱས་འཕེལ་ཞེས་གསོལ། དགུང་ལོ་གསུམ་དང་བཞིའི་རིང་ཤོ་མ་ལུང་རི་ཁྲོད་དུ་ཡབ་ཀྱིས་སྐུ་ཡོན་བསྒྲོན། དགུང་ལོ་བདུན་ལ་ཐོས་བསམ་གླིང་གི་ཀུན་མཁྱེན་ཆོས་འབྱོར་དཔལ་བཟང་གིས་རྒྱལ་བ་དགེ་འདུན་གྲུབ་པའི་སྤྲུལ་སྐུར་ངོས་འཛིན་མཛད། དགུང་ལོ་བཅུ་པ་ལ་པཎ་ཆེན་ལུང་རིགས་རྒྱ་མཚོ་ལས་རབ་ཏུ་བྱུང༌། མཚན་དགེ་འདུན་རྒྱ་མཚོའི་དཔལ་ཞེས་གསོལ། པཎ་ཆེན་རིན་པོ་ཆེ་དྲུང་ནས་གཞུང་ཆེན་པོ་ལ་སློབ་གཉེར་གནང༌། གནས་རྙིང་ཆོས་རྗེ་ཀུན་དགའ་བདེ་ལེགས་པར་དགེ་ཚུལ་བསྒྲུབས། དགུང་ལོ་བཅུ་དགུ་ལ་འཇམ་དབྱངས་ལེགས་པ་ཆོས་འབྱོར་གྱིས་གདན་ཞུས་ལྟར་འབྲས་སྤུངས་སུ་ཕེབས། དགུང་ལོ་ཉེར་གཅིག་ལ་གནས་རྙིང་ཆོས་རྗེའི་དྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། སྣེ་གདོང་གོང་མ་ངག་དབང་བཀྲ་ཤིས་གྲགས་པ་རྒྱལ་མཚན་ཆེན་པོས་ཀྱང་གཟིགས་སྐྱོང་ཆེན་པོ་གནང༌། རྩེད་ཐང་ཁྱམས་ར་ཆེན་མོའི་གྱང་ལྡེབས་སུ་རྒྱལ་བ་ཙོང་ཁ་པའི་འདྲ་སྐུ་བཞེངས། དགའ་ལྡན་ལྔ་མཆོད་ཀྱི་མཆོད་པ་བཟང་པོ་གསར་དུ་བཙུགས། དགུང་ལོ་སོ་བཞི་པ་རབ་བྱུང་དགུ་པའི་ས་སྦྲུལ་ ༡༥༠༩ ལོར་དྭགས་སྟོད་རྒྱལ་དུ་དཔལ་ལྡན་དམག་ཟོར་མའི་བླ་མཚོ་མཇལ་བར་ཕེབས་ཏེ། ལྷ་མོའི་བླ་མཚོའི་ཉེ་འགྲམ་དུ་ཆོས་རྒྱལ་ཨ་མོ་གྷས་སྦྱིན་བདག་མཛད་དེ་ཆོས་འཁོར་རྒྱལ་མེ་ཏོག་ཐང་གི་དགོན་པ་ཕྱག་བཏབ། ལྷ་མོའི་བླ་མཚོའི་གནས་སྒོ་ཕྱེ་བར་མཛད། པཎ་ཆེན་ཡེ་ཤེས་རྩེ་མོའི་གདན་ཞུས་ལྟར་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་ཁྲི་ཐོག་ལྔ་པ་མཛད། དགུང་ལོ་ཞེ་གཉིས་ལ་ཐོས་བསམ་གླིང་གི་བློ་བཟང་བཤེས་གཉེན་དང༌། ཤར་རྩེ་བློ་གྲོས་རྒྱ་མཚོ་གཉིས་ཁྲི་ཚབ་ཏུ་བསྐོ་གཞག་གནང་ནས་གདན་ཞུས་ལྟར་འབྲས་སྤུངས་སུ་ཕེབས། དགུང་ལོ་ཞེ་གསུམ་ལ་འབྲས་སྤུངས་ཀྱི་ཁྲི་པ་དགུ་པ་མཛད། ཕག་གྲུ་གོང་མར་སེ་འབྲས་གཉིས་སྨོན་ལམ་ལ་ཞུགས་ཆོག་པའི་སྙན་སེང་བཀའ་འཁྲོལ་བྱུང་དོན་ས་སྟག་ཕྱི་ལོ་ ༡༥༡༨ ལོར་སྨོན་ལམ་གྱི་ཚོགས་དབུ་མཛད། སྣེ་གདོང་གི་མི་དབང་གོང་མ་ཆེན་པོ་བཀྲ་ཤིས་གྲགས་པས་འབྲས་སྤུངས་ཀྱི་མཚེར་ཤག་རྡོ་ཁང་སྔོན་མོ་རྗེ་འདི་ལ་ཕུལ་རྗེས་མིང་དགའ་ལྡན་ཕོ་བྲང་དུ་བསྒྱུར། དགུང་ལོ་ཞེ་དགུ་ལ་ཆོས་འཁོར་རྒྱལ་དུ་གསེར་ཟངས་ཀྱི་རྗེ་བཙུན་མི་ཕམ་མགོན་པོའི་སྐུ་མཐོ་བཅུའི་ཚད་དང་ལྡན་པ་ཞིག་གསར་བཞེངས་མཛད། དགུང་ལོ་ང་གཉིས་ལ་སྡེ་སྲིད་ངག་དབང་བཀྲ་ཤིས་གྲགས་པ་སོགས་ཀྱིས་གསོལ་བ་བཏབ་པ་བཞིན་སེ་ར་ཐེག་ཆེན་གླིང་གི་གདན་ས་ཡང་མཛད། དགུང་ལོ་རེ་དྲུག་ལ་འོན་མངའ་རིས་གྲྭ་ཚང་དུ་ཆོས་གྲྭ་བཙུགས། སྔ་ཕྱིར་བཀྲས་ལྷུན་དང༌། འབྲས་སྤུངས། སེ་ར་སོ་སོའི་མཁན་པོ་མཛད། བཀའ་རྩོམ་པོ་ཏི་ལྔ་ཙམ་བཞུགས་ཤིང༌། སློབ་མ་ཁྲི་རིན་པོ་ཆེ་བདེ་བ་ཅན་པ་ཆོས་རྗེ་དགེ་ལེགས་དཔལ་བཟང་སོགས་མང་དུ་བྱོན། ཕྱི་ལོ་ ༡༥༤༢ ལོའི་བོད་ཟླ་གསུམ་པའི་ཚེས་བརྒྱད་ཉིན་འབྲས་སྤུངས་དགའ་ལྡན་ཕོ་བྲང་དུ་ཞི་བར་གཤེགས།

{{#arraymap:དགེ་འདུན་རྒྱ་མཚོ་

|; |@@@ | | }}