25266

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགྲ་བཅོམ་འབྲས་གནས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱས་པའི་གང་ཟག་ཞིག་ལ་དགྲ་བཅོམ་འབྲས་གནས་ཞེས་བརྗོད། མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། གོང་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པའི་གང་ཟག་དགྲ་བཅོམ་འབྲས་གནས་ཀྱི་འཇོག་བྱེད། གོང་མའི་ཆ་མཐུན་ལྔ་ཡོད་དེ། གཟུགས་མེད་ཀྱི་འདོད་ཆགས་དང། རྒོད་པ་དང། ང་རྒྱལ་དང། ཉོན་མོངས་ཅན་གྱི་མ་རིག་པ་རྣམས་ཡིན་པའི་ཕྱིར། དེ་ལ་དབྱེ་ན། སྤང་བྱ་རིམ་གྱིས་པའི་དགྲ་བཅོམ་འབྲས་གནས་དང། སྤང་བྱ་ཅིག་ཆར་བའི་དགྲ་བཅོམ་འབྲས་གནས་གཉིས། དང་པོ་དང་ཕྱིར་མི་འོང་གི་རྟོགས་པ་སྔོན་དུ་སོང་བའི་དགྲ་བཅོམ་འབྲས་གནས་གཉིས་དོན་གཅིག གཉིས་པ་དང་སྤང་བྱ་ཅིག་ཆར་བའི་རྒྱུན་ཞུགས་ཀྱི་རྟོགས་པ་སྔོན་དུ་སོང་བའི་དགྲ་བཅོམ་འབྲས་གནས་གཉིས་དོན་གཅིག དབང་པོའི་སྒོ་ནས་དབྱེ་ན། ཡོངས་སུ་ཉམས་པའི་ཆོས་ཅན། བདག་གསོད་པའི་ཆོས་ཅན། རྗེས་སུ་བསྲུང་བའི་ཆོས་ཅན། གནས་པ་ལས་མི་བསྐྱོད་པའི་ཆོས་ཅན། རྟོགས་པའི་འོས་སུ་གྱུར་བའི་ཆོས་ཅན། མི་གཡོ་བའི་ཆོས་ཅན་དང་དྲུག་ཡོད་དོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:དགྲ་བཅོམ་འབྲས་གནས་

|; |@@@ | | }}

དགྲ་བཅོམ་འབྲས་གནས་ (2)
Part of speech མིང་ཚིག
Definition མཚན་ཉིད་ལ། སྤྱིར་དགྲ་བཅོམ་འབྲས་གནས་ཀྱི་མཚན་ཉིད། ཁམས་གསུམ་གྱི་ཉོན་མོངས་མ་ལུས་པར་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པའི་ཉན་ཐོས་སོ། ། རྟོགས་པའི་སྒོ་ནས་དབྱེ་ན། སྲིད་ཉོན་དགུ་པ་སྤངས་པའི་རྣམ་གྲོལ་ལམ་ལ་གནས་པའི་དང་། དེའི་རྗེས་ཐོབ་ལ་གནས་པ་དང་། མཐོང་ཆོས་བདེར་གནས་ལ་གནས་པ་གསུམ་དུ་དབྱེར་རུང་ངོ་། །རྟེན་གྱི་སྒོ་ནས་དབྱེ་ན། འདོད་པའི་རྟེན་ཅན་དགུ། གཟུགས་ཀྱི་རྟེན་ཅན་བཅུ་བདུན། གཟུགས་མེད་ཀྱི་རྟེན་ཅན་བཞི་སྟེ་སུམ་ཅུ་ཡོད་དོ། །དབང་པོའི་སྒོ་ནས་དབྱེ་ན། དུས་སྦྱོར་དང་། དུས་མི་སྦྱོར་གཉིས་སོ། །རིགས་ཀྱི་སྒོ་ནས་དབྱེ་ན། ཡོངས་སུ་ཉམས་པའི་ཆོས་ཅན་དང་། འཆི་བར་སེམས་པའི་ཆོས་ཅན་དང་། རྗེས་སུ་བསྲུང་བའི་ཆོས་ཅན་དང་། གནས་པ་ལས་མི་བསྐྱོད་པ་དང་། རྟོགས་པའི་སྐལ་བ་ཅན་དང་། མི་གཡོ་པའི་ཆོས་ཅན་ཏེ་དྲུག་གོ ། སྤངས་པའི་ཁྱད་པར་ནི། ཁམས་གསུམ་གྱི་ཉོན་མོངས་མ་ལུས་པར་སྤངས་པའོ། །རྟོགས་པའི་ཁྱད་པར་ནི། སྲིད་ཉོན་དགུ་པ་སྤངས་པའི་རྣམ་གྲོལ་ལམ་ཐོབ་པའོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྐྱེས་བུ་མཆོག་གི་གསལ་བྱེད་ལས་སོ། ། སྲིད་རྩེའི་སྒོམ་སྤང་རྣམ་པ་དགུ་པོ་དེ་ཟད་པའི་ཐོབ་པ་དང་དེ་ཟད་པ་ཤེས་པའི་རྣམ་གྲོལ་གྱི་ལམ་ལྷན་ཅིག་ཏུ་སྐྱེ་སྟེ། དེའི་ཚེ་འཕགས་པ་དེ་མི་སློབ་པ་ཞེས་ཀྱང་བྱ། དགྲ་བཅོམ་པའི་འབྲས་བུ་ལ་གནས་པ་ཞེས་ཀྱང་བྱ་སྟེ། འབྲས་བུ་ཐོབ་པར་བྱ་བའི་ཕྱིར་བསླབ་པ་གསུམ་ལ་སློབ་མི་དགོས་པའི་ཕྱིར་དང་། རང་དོན་རྫོགས་ནས་གཞན་གྱི་དོན་བྱེད་པ་དང་། སོ་སོའི་སྐྱེ་བོ་དང་སློབ་པ་ཐམས་ཅད་ཀྱིས་མཆོད་པར་འོས་པའི་ཕྱིར་དང་། ཁམས་གསུམ་གྱི་ཉོན་མོངས་པ་ཐམས་ཅད་ཕམ་པར་བྱས་པའི་ཕྱིར་རོ། །ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །

{{#arraymap:དགྲ་བཅོམ་འབྲས་གནས་

|; |@@@ | | }}

དགྲ་བཅོམ་འབྲས་གནས་ (3)
Part of speech མིང་ཚིག
Definition བཀྲས་ལྷུན་ཐོས་གླིང་ཡིག་ཆར། གོང་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པའི་གང་ཟག ཀུན་བཏུས་ལས། གང་གི་ཚེ་ཉོན་མོངས་པའི་རྣམ་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པར་འགྱུར་ན། ཅིའི་ཕྱིར་གོང་མའི་ཆ་མཐུན་ལྔ་སྤངས་པས་དགྲ་བཅོམ་པ་ཞེས་བྱ་ཞེ་ན། གཙོ་བོ་བསྡུ་བའི་རྒྱུའི་གཙོ་བོ་དང༌། གོང་མའི་ང་རྒྱལ་མ་རིག་པ་རྒོད་པ་རྣམས་ཁམས་གོང་མའི་འཁོར་བ་མི་གཏོང་བའི་རྒྱུར་གསུངས་སོ། །དེ་ལ་དབྱེ་ཡོངས་སུ་ཉམས་པའི་ཆོས་ཅན། བདག་བསོད་པའི་ཆོས་ཅན། རྗེས་སུ་བསྲུང་བའི་ཆོས་ཅན། གནས་པ་ལས་མི་སྐྱོད་པའི་ཆོས་ཅན། རབ་རྟོགས་ཀྱི་འོས་སུ་གྱུར་པའི་ཆོས་ཅན། མི་གཡོ་བའི་ཆོས་ཅན། ཉོན་མོངས་རྐྱང་པའི་ཆ་ལས་རྣམ་པར་གྲོལ་བ། །གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ། སྤང་བྱ་ཅིག་ཅར་བའི་དགྲ་བཅོམ། སྤང་བྱ་རིམ་གྱིས་པའི་དགྲ་བཅོམ་རྣམས་སུ་ཡོད་ལ། དང་པོ་ལྔ་ནི། དགྲ་བཅོམ་པ་རང་བཞིན་གྱིས་དབང་པོ་རྟུལ་པོར་མཚུངས་ལ། དེའི་དང་པོ་ནི། ཇི་ལྟར་བྱས་ཀྱང་མཐོང་ཆོས་ལ་བདེ་གནས་ཀྱི་རྟོགས་པ་ལས་ཉམས་པར་འགྱུར་བའི་དགྲ་བཅོམ་པ། གཉིས་པ་ནི། བདག་གསོད་ན་མི་ཉམས་ཤིང༌། མི་བསོད་ཉམས་པར་འགྱུར་བའི་དགྲ་བཅོམ་པ། གསུམ་པ་ནི། འདོད་ཡོན་གྱིས་མྱོས་ན་དེ་ལས་ཉམས་པར་འགྱུར་ཞིང༌། མ་མྱོས་ན། དེ་ལས་ཉམས་པར་མི་འགྱུར་བའི་དགྲ་བཅོམ་པ། བཞི་པ་ནི། དེ་ལས་ཉམས་པར་མི་འགྱུར་ཞིང༌། དབང་པོ་རྣོན་པོར་འཕོ་བར་མི་ནུས་པ། ལྔ་པ་ནི། དེ་ལས་ཉམས་པར་མི་འགྱུར་ཞིང༌། དབང་པོ་རྣོན་པོར་ཡང་འཕོ་བར་མི་ནུས་པའི་དགྲ་བཅོམ་པའོ། །དྲུག་པ་ནི། དགྲ་བཅོམ་པ་དྲུག་གི་ནང་ན་རང་བཞིན་གྱི་དབང་པོ་རྣོ་ཞིང་མཐོང་ཆོས་ལ་བདེ་གནས་ཀྱི་རྟོགས་པ་ལས་ཉམས་པར་མི་འགྱུར་བའོ། །མཐོང་ཆོས་ལ་བདེ་གནས་ནི། འཇིག་རྟེན་པའི་བསམ་གཏན་གྱི་བདེ་བ་ཡིན་ཏེ། ཀུན་བཏུས་ཀྱི་འགྲེལ་བར། བསོད་ཀྱང་རུང་མི་བསོད་ཀྱང་རུང༌། ཞེས་བྱ་བ་ནི། བདག་གིས་བདག་ཉིད་སྲོག་གཅོད་པའམ། མི་གཅོད་ཞེས་བྱ་བའི་ཐ་ཚིག་གོ ། མཐོང་བའི་ཆོས་ལ་བདེ་བར་གནས་པ་ལས་ཡོངས་སུ་ཉམས་ཞེས་བྱ་བ་ནི། འཇིག་རྟེན་པའི་བསམ་གཏན་རྣམས་ལ་ཞེས་བྱ་བའི་ཐ་ཚིག་གོ ། ཞེས་གསུངས་པའི་ཕྱིར། བདུན་པ་དང་བརྒྱད་པ་ནི། འགོག་པའི་སྙོམ་འཇུག་མ་ཐོབ་པའི་དགྲ་བཅོམ་པ་དང༌། ཐོབ་ཟིན་གྱི་དགྲ་བཅོམ་རྣམས་ལ་བརྗོད་དེ། མཛོད་ལས། འགོག་ཐོབ་གཉིས་ཀ་ལས་རྣམ་གྲོལ། །ཤེས་རབ་ཀྱིས་ནི་གཅིག་ཤོས་སོ། །ཞེས་དང༌། ཀུན་བཏུས་ལས། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་གང་ཞེ་ན། གང་མི་སློབ་པའི་རྣམ་པར་ཐར་པ་ལ་བསམ་གཏན་པའི་གང་ཟག་གོ ། ཞེས་གསུངས་པའི་ཕྱིར། དགུ་པ་དང་བཅུ་པས་འདོད་ཉོན་སྤངས་པའི་ཚེ་སྲིད་ཉོན་སྤངས་པའི་ཉན་ཐོས་དགྲ་བཅོམ་པ་དང༌། འདོད་ཉོན་སྤངས་རྗེས་སུ་སྲིད་ཉོན་སྤངས་པའི་དགྲ་བཅོམ་པ་རྣམས་ལ་བརྗོད་དོ། །གསུམ་པ་ནི། སྲིད་ཉོན་དགུ་པ་སྤངས་པའི་ཉན་ཐོས་ཀྱི་རྣམ་གྲོལ་ལམ་ཐོབ་པ་ནས། ལམ་གཞན་མ་ཐོབ་པའི་བར་ན་ཡོད།

{{#arraymap:དགྲ་བཅོམ་འབྲས་གནས་

|; |@@@ | | }}

དགྲ་བཅོམ་འབྲས་གནས་ (4)
Part of speech མིང་ཚིག
Definition བཀྲས་ལྷུན་དཀྱིལ་ཁང་ཡིག་ཆར། འབྲས་གནས་བཞི་པོ་གང་རུང་ཡང་ཡིན། གོང་མའི་ཆ་མཐུན་ལྔ་སྤངས་པའི་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། དགྲ་བཅོམ་འབྲས་གནས་ཀྱི་མཚན་ཉིད། དགྲ་བཅོམ་པ་ལ་དབྱེ་ན་དྲུག་ཡོད་དེ། ཡོངས་སུ་ཉམས་པའི་ཆོས་ཅན། འཆི་བར་སེམས་པའི་ཆོས་ཅན། རྗེས་སུ་སྲུང་བའི་ཆོས་ཅན། གནས་པ་ལས་མི་སྐྱོད་པའི་ཆོས་ཅན། རྟོགས་པའི་སྐལ་བ་ཅན་གྱི་ཆོས་ཅན། མི་གཡོ་བའི་ཆོས་ཅན་གྱི་དགྲ་བཅོམ་པ་རྣམས་སུ་ཡོད་པའི་ཕྱིར། དེའི་དང་པོ་ལྔ་ནི་སེམས་ཀྱི་རྣམ་པར་གྲོལ་བ་དུས་དང་སྦྱོར་བ་ཞེས་བྱ་སྟེ། དེ་དག་དགྲ་བཅོམ་དྲུག་གི་ནང་ནས་རང་བཞིན་གྱིས་དབང་པོ་བརྟུལ་ཅིང་དད་པས་མོས་པ་ལས་སྐྱེས་པ་ཡིན་པས་དགྲ་བཅོམ་པའི་འབྲས་བུ་ལས་ཉམས་པ་སྲིད་པའི་ཕྱིར། དྲུག་པ་ལ་མི་གཡོ་བ་དང་དུས་དང་མི་སྦྱོར་བ་ཞེས་བྱ་སྟེ། དྲུག་གི་ནང་ནས་རང་བཞིན་གྱི་དབང་པོ་རྣོ་ཞིང་མཐོང་ཐོབ་ལས་སྐྱེས་པས་དེ་ལས་ཉམས་པ་མི་སྲིད་པའི་ཕྱིར། དེར་མ་ཟད་དགྲ་བཅོམ་པ་ལ་དབྱེ་ན་དགུ་ཡོད་དེ། ཉམས་པའི་ཆོས་ཅན་གྱི་དགྲ་བཅོམ་པ་ལ་སོགས་ལྔ། མི་གཡོ་བའི་ཆོས་ཅན་གྱི་དགྲ་བཅོམ་པ་ལ་དབང་པོ་སྦྱངས་པ་ལས་དེར་གྱུར་པ་གཅིག དང་པོ་ནས་དེའི་རིགས་སུ་ངེས་པའི་མི་གཡོ་བའི་དགྲ་བཅོམ་པ་གཅིག་སྟེ་ཉན་ཐོས་སུ་གྱུར་པའི་དགྲ་བཅོམ་པ་བདུན། རང་སངས་རྒྱས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཏེ། སངས་རྒྱས་རྣམས་སུ་ཡོད་པའི་ཕྱིར། དེ་རྣམས་ཀྱང་དབང་པོ་དགུ་པ་ཅན་ཡིན་ཏེ། རིམ་པ་བཞིན་དུ་དང་པོ་གསུམ་ནི་དེ་དག་གི་ནང་ནས་དབང་པོ་རྟུལ་པའི་རྟུལ་པོ། རྟུལ་པོའི་འབྲིང་། རྟུལ་པོའི་རྣོན་པོ་དང་། བར་པ་གསུམ་ནི་རིམ་པ་བཞིན་དུ་འབྲིང་གི་ཆུང་ངུ་། འབྲིང་གི་འབྲིང་། འབྲིང་གི་ཆེན་པོ་དང་། རྗེས་མ་གསུམ་ནི་རིམ་པ་བཞིན་དུ་རྣོན་པོའི་ཆུང་ངུ་། རྣོན་པོའི་འབྲིང་རྣོན་པོའི་རྣོན་པོ་ཡིན་པའི་ཕྱིར།

{{#arraymap:དགྲ་བཅོམ་འབྲས་གནས་

|; |@@@ | | }}