2629

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀོང་པོ་བཀའ་བརྒྱད་སྤྲུལ་སྐུ་འཕྲིན་ལས་ཡར་འཕེལ་ (1)
Part of speech མིང་ཚིག
Definition ཁོང་ནི། གཙང་གི་ཡུལ་དུ་བལྟམས། འབྲུག་ཆེན་བདུན་པའི་སློབ་མ་ཡིན་འདུག བྱིས་པ་གཞན་ལས་མཚར་སྐྱེད་ཆེ་བ་ཞིག་བྱུང༌། ཆུང་ངུ་ནས་དགེ་བའི་བག་ཆགས་སད་པས་འཁོར་བའི་ཁྱིམ་ལ་སྐྱོ་ཤས་དང་ངེས་འབྱུང་དྲག་པོ་འཁྲུངས། ཀུན་གྱིས་སྐྱེས་བུ་དམ་པ་ཞིག་ཡིན་འདུག་ཅེས་གླེང༌། འབྲུག་ཆེན་བདུན་པས་གྲུབ་དབང་ལྷུན་གྲུབ་ཀྱི་སྤྲུལ་སྐུར་ལུང་བསྟན། ཀོང་ཡུལ་བུ་ཆུའི་ལྷ་ཁང་དང་མི་རིང་བར་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་གནས་མཆོག་གདན་ས་འབྲུག་ཆོས་སྡིངས་སུ་མངའ་གསོལ། རྗེ་འབྲུག་པའི་ཞབས་པད་བསྙེན་ནས། དགེ་ཚུལ་གྱི་དངོས་པོ་བསྒྲུབས། མཚན་སྒྲུབ་བརྒྱུད་འཕྲིན་ལས་ཡར་འཕེལ་གསོལ། བསླབ་པ་བཙུན། དཔལ་འབྲུག་པའི་ཆོས་སྐོར་ཡོངས་རྫོགས་གསན། འཛི་སྒར་བཞི་པ་ལས་རྗེ་ཉིད་ཀྱིས་མཛད་པའི་ཀཱི་ལ་ཡའི་བསྙེན་ཐབས་དང༌། ཆོས་གླིང་ཕུར་པའི་དབང་ལུང་ཁྲིད་སོགས་གསན་བཞེས་གནང༌། ཁམས་སྤྲུལ་བཞི་པ་ལས་སྙན་ངག་དང་རིག་གནས་སྐོར་གྱི་དོགས་གཅོད་མཛད། སྤྱིར་ལྷ་བྲིས་སོགས་རིག་གནས་ཕལ་ཆེར་མི་མཁྱེན་པ་མེད། གྲུབ་དབང་ངག་དབང་ཆོས་འཕེལ་གྱི་སྤྱན་སྔར། ཕྱག་རྒྱ་ཆེན་པོའི་ཟབ་ཁྲིད་གསན་པས། རྩ་བའི་བླ་མར་འཛིན། ར་ལུང་དུ་ཕེབས་སྐབས་ཆོས་རྗེ་གླིང་པའི་སྐུ་འདྲ་རིན་པོ་ཆེའི་མདུན་ནས་སྤྲོས་བྲལ་གྱི་ཡེ་ཤེས་ངོ་འཕྲོད། ར་ལུང་དང༌། ཙ་རི་སོགས་སུ་ཕལ་ཆེར་སྒྲུབ་པ་ཁོ་ན་ལ་བཞུགས་ཤིང༌། ཡི་དམ་གྱི་ལྷ་ཚོགས་མང་པོའི་བསྙེན་སྒྲུབ་མཐར་ཕྱིན། དག་པའི་གཟིགས་སྣང་དཔག་མེད་ཤར། ཐུགས་དམ་རྟོགས་པ་ལ་བོགས་ཐོན། ཤེལ་སྟོད་ལྷའི་ལྡིང་ཁང་དུ་བཞུགས་ཚེ། མནལ་ལམ་དུ་རྗེ་ཉིད་པདྨ་དྲག་པོ་ཀཱི་ལ་ཡའི་སྐུར་གྱུར་པ་དང་རྟ་མགྲིན་སོགས་ལྷ་ཞལ་མང་དུ་གཟིགས། སླར་རྗེ་འབྲུག་ཆེན་འཕྲིན་ལས་ཤིང་རྟ་དང༌། དཔའ་བོ་གཙུག་ལག་དགའ་བའི་སྤྱན་སྔར་ཐུགས་དམ་གྱི་སྒྲོ་འདོགས་བཅད་དེ། རྟོགས་པ་མཉམ་རྗེས་འདྲེས་ཤིང་འོད་གསལ་ཁོར་ཡུག་ཏུ་གྱུར། རི་ལ་མེ་ཤོར་བར་སྤྱན་འབེབ་ཐུགས་གཏད་གནང་བ་ཙམ་གྱིས་ཞི་བ་སོགས་གྲུབ་པའི་རྟགས་མཚན་མང༌། ཤེལ་སྟོད་དུ་སྒྲུབ་སྡེའི་ཁང་པ་གསར་བསྐྲུན་དང་ཞིག་གསོ་མཛད་ཅིང༌། བུ་སློབ་མང་པོ་སྨིན་གྲོལ་ལ་བཀོད། ལྷག་པར་རྒྱལ་དབང་བརྒྱད་པ་མི་ཕམ་ཆོས་ཀྱི་སྣང་བའི་རིགས་ཀྱི་ཅོད་པན་དུ་གྱུར། མཐར་གདུལ་བྱ་རྫོགས་ཏེ། རབ་བྱུང་བཅུ་གསུམ་པའི་མེ་ལུག་ ༡༧༨༧ ལོར་རེ་ཞིག་ཞིང་གཞན་དུ་གཤེགས་པའི་སྐབས། དབུ་ཐོད་ལ་ཐུགས་རྗེ་ཆེན་པོའི་སྐུ་བྱོན་པ་སོགས་ངོ་མཚར་བ་མང་ངོ༌། །འདི་ཆོས་རྗེ་མི་ཕམ་བཀྲ་ཤིས་བློ་གྲོས་དང༌། བཀའ་བརྒྱད་སྒྲུབ་གནས་སུ་བཞུགས་ནས་དངོས་གྲུབ་བརྙེས་པ་རྣལ་འབྱོར་དབང་ཕྱུག་ལྷུན་གྲུབ་མཚན་ཅན་གཉིས་ཀའི་རྣམ་འཕྲུལ་དུ་གྲགས་སོ། །

{{#arraymap:ཀོང་པོ་བཀའ་བརྒྱད་སྤྲུལ་སྐུ་འཕྲིན་ལས་ཡར་འཕེལ་

|; |@@@ | | }}