26372

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་འབར་གྲུབ་ཐོབ་དཔག་བསམ་ཡེ་ཤེས་ (1)
Part of speech མིང་ཚིག
Definition བོད་ཀྱི་སའི་ཆ། ཧོར་ཡུལ་གྱི་ས་གཡང་རུ་ཞེས་པར་ཡབ་སེར་རིལ་དང༌། ཡུམ་བསོད་ནམས་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་པའི་ས་ཁྱི་ ༡༥༩༨ ལོར་འཁྲུངས། ནར་སོན་ནས་ཧོར་དཔོན་གྱི་དྲུང་འཁོར་ནང་ཟན་མཛད། དེ་ནས་འཁོར་བའི་ཆོས་དང་སྡིག་ལ་འགྱོད་དེ་ཆོས་ལ་བྲོས་ནས་བྱོན། གཙང་རྒྱལ་བྱེད་ཀྱི་ཚལ་དུ་རྒྱལ་དབང་འབྲུག་པ་དཔག་བསམ་དབང་པོའི་དྲུང་དུ་གཙུག་ཕུད་ཕུལ་བས། མཚན་དཔག་བསམ་ཡེ་ཤེས་སུ་བཏགས། ཐོག་མར་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་གསན། ཆོས་རྗེ་མི་ཕམ་བློ་གྲོས་དང༌། སྐྱིད་སྦུག་པ་ཤེས་རབ་འབྲུག་རྒྱས་ལས་དབང་ལུང་གདམས་པ་མང་དུ་གསན་ཅིང༌། ཙ་རི་ཏྲ། གངས་ཏི་སེ། ལྷོ་བྲག་མཁར་ཆུ་སོགས་དབེན་གནས་རྣམས་སུ་ལོ་གསུམ་ཚར་བཞི། སྒྲུབ་པ་ལ་རྒྱུན་རིང་བཞུགས། དཀའ་སྤྱད་བཅུད་ལེན་མང་དུ་མཛད། ཉམས་རྟོགས་ཀློང་དུ་གྱུར། རྒྱ་གར་རྩྭ་མཆོག་གྲོང༌། ཀོང་པོ། སྟོད་གར་ཞ། ན་ག་ཀོ་ཊི། ནཱ་རོའི་སྒྲུབ་གནས་རྫོང་འགུལ། བལ་ཡུལ། ཡོལ་མོ་གངས་ར། སྦས་ཡུལ་སྐྱིད་མོ་ལུང་སོགས་གནས་ཆེན་མང་པོ་བསྐོར། མང་ཡུལ་རི་བོ་དཔལ་འབར་གྱི་འདབས་སུ་ལྷ་བྲང་ཞེས་པར་དགོན་གནས་བཏབ་པར། འབྲུག་མཐོང་སྨོན་དུ་གྲགས། སྐྱིད་གྲོང༌། གཉའ་ནང༌། གློ་བོ་སྟོད་སྨད། པུ་ཧྲང་སོགས་སུ་འགྲོ་ཕན་རྒྱ་ཆེ། ཕྱག་ཆེན། ཆོས་དྲུག བླ་སྒྲུབ་སོགས་འབྲུག་སྐོར་གྱི་གདམས་པ་དང༌། འཕོ་བ་འཇག་ཚུགས་མའི་སྒོ་ནས་གདུལ་བྱ་མང་པོ་སྨིན་གྲོལ་ལ་བཀོད། མངའ་རིས་སྟོད་ཕྱོགས་སུ་རྒྱལ་པོ་འགའ་ཞིག་འཁྲུགས་པའི་བཟང་སྡུམ་མང་དུ་མཛད། རྡོ་ལ་ཕྱག་ཞབས་ཀྱི་རྗེས་དུ་མ་བཞག་པ་སོགས་རྫུ་འཕྲུལ་མང་པོ་བསྟན། གངས་ཏི་སེའི་གད་པ་གསེར་གྱི་བྱ་སྐྱིབས་སུ་སྒྲུབ་སྡེ་བཏབ་པས་བར་སྐབས་སུ་དར་རྒྱས་ཆེ། རྗེ་རང་རིག་རས་པ་དང༌། གྲུབ་དབང་ཀུན་དགའ་བསྟན་འཛིན། གྲྭ་འཇམ་གླིང་རྒྱལ་ཚབ་སངས་རྒྱས་སེང་གེ་སོགས་གཞན་དོན་ནུས་པའི་ཞལ་སློབ་མང་དུ་བྱུང༌། དགུང་ལོ་བདུན་བཅུ་པ་མེ་ལུག་ ༡༦༦༧ ལོར་གད་པ་གསེར་གྱི་བྱ་སྐྱིབས་སུ་མྱ་ངན་ལས་འདས། འཇའ་འོད་ཀྱི་གུར་སོགས་ལྟས་ངོ་མཚར་བ་མང་ངོ༌། །

{{#arraymap:དཔལ་འབར་གྲུབ་ཐོབ་དཔག་བསམ་ཡེ་ཤེས་

|; |@@@ | | }}