26413

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་རིག་འཛིན་རྣམ་སྣང་རྡོ་རྗེ་ (1)
Part of speech མིང་ཚིག
Definition དཔལ་རིག་འཛིན་རྣམ་སྣང་རྡོ་རྗེ་སྟེ་སྔོན་རྗེ་བཙུན་ཐམས་ཅད་མཁྱེན་པའི་སྤྲུལ་པར་གྲགས་པ་ཨ་མཆོག་རིན་པོ་ཆེ་དཀོན་མཆོག་བསྟན་པའི་རྒྱལ་མཚན་གྱི་ཡང་སྲིད་ཉིད་དུ་སླར་བྱོན་གྱི་མཛད་སྒོ་ལེགས་པར་གནང་བ་ནི་རིག་འཛིན་རྣམ་སྣང་བ་འདི་ཀ་ཉིད་དུ་གྲགས་ཤིང༌། དེ་ཡང་ཁོང་ཉིད་སྐུ་ཆུང་བའི་དུས་ནས་ཇོ་ནང་ཀུན་མཁྱེན་ཆེན་པོའི་ཞལ་གཟིགས་ཀྱི་སྣང་བས་ཡང་ཡང་རྗེས་སུ་བཟུང་བ་དང༌། ལྷ་ཆེན་ལེགས་ལྡན་དྲཀྴད་ཀྱིས་མཛད་འཕྲིན་དུས་སུ་ཉེ་བར་སྒྲུབ་ཅིང་ངེས་དོན་རང་ལུགས་གཞན་སྟོང་དབུ་མའི་ལྟ་གྲུབ་ཀྱི་དགོངས་དོན་དཔྱིས་ཕྱིན་པ་རིམ་པས་ཐུགས་སུ་འཁྲུངས་ནས་གསང་ཆེན་རྡོ་རྗེ་ཐེག་པའི་ཉམས་མྱོང་གི་ཀློང་ཉེ་བར་རྡོལ་ཏེ་ཁོང་ཉིད་ཀྱིས་རྗེ་རྒྱལ་བ་གཉིས་པ་ཇོ་ནང་པ་ཆེན་པོའི་ངེས་དོན་རྫོགས་ལྡན་ཆོས་མཆོག་ཟབ་མོ་མདོ་སྔགས་ཀྱི་གནས་ལུགས་མཐར་ཐུག་གི་དེ་ཉིད་དུ་ལུང་དང་རིགས་པས་གཞན་དག་ལ་རྩལ་ཐོན་མཛད་བཞིན་རྒྱལ་བསྟན་མདོ་དང་སྔགས་ཀྱི་གསང་ལམ་ཐུགས་ཉམས་སུ་བྱང་ཆུབ་སྟེ་གཞན་དོན་དེ་ལུགས་བཞིན་ཉེ་བར་སྤྱོད་པའི་རང་རེའི་ངེས་དོན་གྱི་བསྟན་པའི་རྩ་ལག་ཆེ་བ་སྙིགས་མའི་དུས་སུ་འགྲན་ཟླ་དང་བྲལ་བའི་སྐྱེས་ཆེན་མཆོག་ཏུ་གོར་མ་ཆག་པ་ཞིག་ཏུ་འདུག་པས་སྐུ་ཚེ་སྨད་དུ་འདིའི་མཚན་ལ་ཨ་ལགས་གྲོང་མང་ཚང་ཞེས་གྲགས་སྙན་ཤིན་ཏུ་ཆེ་བར་གྱུར་ཏེ་བཤོགས་ཆུང་དགེ་བཤེས་ཀྱིས་ཁོང་གི་ཞབས་ལ་གཏུགས་པས་ཇོ་ནང་དོལ་ཆུང་བ་ཞེས་བསྔགས་པའི་མེ་ཏོག་འཐོར་བའོ། །སྔོན་གྱི་རྗེ་བླ་མ་འབྲོག་དགེ་ཡོན་ཏན་རྒྱ་མཚོའི་སྐུ་དབོན་ཐུབ་བསྟན་རྒྱ་མཚོ་རྩི་ནང་དགོན་བདག་ཏུ་བཞུགས་སྐབས་བྱང་བླ་བྲང་གིས་དུས་འཁྲུགས་ཚབས་ཆེན་བསླངས་ཏེ། རྩི་ནང་དགོན་ལ་ཆག་གོད་ཆེ་བ་བྱུང་དུས་སུའང་རྗེ་གྲོང་མང་པ་གང་གིས་ཆོས་སྐྱོང་ཁྱབ་འཇུག་ཆེན་པོ་གནོད་བྱེད་བསྟན་དགྲའི་ཐོག་ཏུ་རྦད་བསྐུལ་མཛད་པས་ལོ་ཟླ་མ་འགྱངས་པར་གཟའ་རྒོད་མེ་དཔུང་ཆེན་པོ་འཇིགས་ཟིལ་བཟོད་པར་དཀའ་བའི་རྣམ་པ་ནམ་མཁའི་བར་སྣང་ལ་དགོང་མོའི་དུས་སུ་ངེས་པར་རྒྱུག་ཅིང་དེའི་དྲག་བཙན་ངར་མའི་དུག་གྲིབ་ཀྱིས་ཕ་རོལ་ཉེས་ཅན་དག་གི་གཙོ་བློན་ཞེ་གནག་པ་རྣམས་སྐད་ཅིག་ལ་བསྒྲལ་ཏེ་གནོད་བྱེད་དཔུང་ཁག་གི་དཔའ་སྙིང་ཆེས་ཞུམ་པར་བྱས་ཏེ་རང་ཕྱོགས་ལ་དགེ་མཚན་གྱི་གྲགས་སྙན་ཀུན་ནས་ལྡིར་བར་གྱུར་པ་སོགས་ཟླ་དང་བྲལ་བའི་མཛད་སྒོ་མང་པོའི་ལོ་རྒྱུས་བཤད་དུ་ཡོད་ཀྱང་འདིར་རེ་ཞིག་དེ་ཙམ་མོ། །

{{#arraymap:དཔལ་རིག་འཛིན་རྣམ་སྣང་རྡོ་རྗེ་

|; |@@@ | | }}