26645

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་བཞི་པའི་ས་འབྲུག་ཕྱི་ལོ་ ༡༨༠༨ ལོར་བྱང་འབྲོག་དགེ་རྩེ་རྫ་ཆུ་ཁའི་སྡེར་གཏོགས་རྒྱལ་ཐོག་ཅེས་པའི་གདུང་ལས་སྐུ་འཁྲུངས། རྡོ་གྲུབ་ཆེན་འཇིགས་མེད་འཕྲིན་ལས་འོད་ཟེར་གྱིས་དཔལ་དགེ་བསམ་གཏན་ཕུན་ཚོགས་ཀྱི་སྤྲུལ་སྐུར་ངོས་བཟུང༌། ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ཞེས་མཚན་གསོལ། སྐུ་ན་ཆུང་ངུའི་དུས་ནས་ཡི་གེ་འབྲི་ཀློག་རྣམས་ཚེགས་མེད་དུ་མཁྱེན། མཁན་ཆེན་ཤེས་རབ་བཟང་པོ་ལས་རབ་ཏུ་བྱུང༌། རྡོ་བླ་འཇིགས་མེད་སྐལ་བཟང་དང༌། རྒྱལ་སྲས་གཞན་ཕན་མཐའ་ཡས་སོགས་ཀྱི་དྲུང་ནས་ངལ་གསོ་སྐོར་གསུམ་དང༌། སྤྱོད་འཇུག རྩ་རྒྱུད་གསང་བ་སྙིང་པོ་སོགས་མདོ་སྔགས་ཀྱི་གཞུང་མང་པོ་དང༌། རིག་གནས་བཅས་གསན། ཞེ་ཆེན་དབོན་སྤྲུལ་མཐུ་སྟོབས་རྣམ་རྒྱལ་དང་འཇིགས་མེད་རྒྱལ་བའི་མྱུ་གུ་སོགས་མཁས་མཆོག་དུ་མ་ལས་བཀའ་བསྟན་འགྱུར་རོ་ཅོག་དང༌། རྙིང་མའི་ཀུན་མཁྱེན་ཡབ་སྲས། ས་པཎ། རྗེ་ཙོང་ཁ་པ་སོགས་གསར་རྙིང་སྐྱེས་ཆེན་རྣམས་ཀྱི་ལེགས་བཤད་མཐའ་དག་གསན། དགུང་ལོ་སུམ་ཅུའི་ནང་སློབ་མའི་ཚོགས་ལ་རྒྱུད་གསང་བ་སྙིང་པོའི་ལྗགས་ཁྲིད་རྒྱས་པར་གནང༌། ཕྱོགས་ཀྱི་དད་ལྡན་རྣམས་ལ་ཆོས་སྦྱིན་གྲངས་མེད་སྩལ། རྐུན་ཇག་གི་རྒྱུན་བཅད། དམར་སྟོན་གྱི་སྲོལ་བསྣུབས། རྫ་རྒྱལ་དགོན་གྱི་ཉེ་སྐོར་དུ་ཆོས་འཁོར་གྱི་གདན་ས་མཛད། རྡོ་འབུམ་ཆེན་མོར་ཁ་གསོས་མཛད་པས་དཔལ་སྤྲུལ་རྡོ་འབུམ་ཞེས་སུ་གྲགས། མདོ་ཁམས་སྟོད་སྨད་བར་གསུམ་དུ་སྤྱོད་འཇུག་དང༌། བྱམས་ཆོས། སྡོམ་གསུམ། ཡོན་ཏན་མཛོད་སོགས་ཀྱི་འཆད་ཉན་ས་དར་རྡོ་དར་དུ་གྱུར་པ་དང༌། ལྷག་པར་དུ་རྒྱུད་གསང་བ་སྙིང་པོའི་བཤད་རྒྱུན་དང༌། ཀློང་ཆེན་སྙིང་ཐིག་གི་རྩ་རླུང་དང་ཁྲིད་སོགས་ཀྱི་ཆོས་རྒྱུན་རྗེ་འདི་ཉིད་ཀྱིས་ཉམས་པ་སོར་ཆུད་ཀྱིས་ཆེས་ཆེར་དར་བར་མཛད་པས་སྔ་འགྱུར་གསང་སྔགས་རྙིང་མའི་བཀའ་གཏེར་གྱི་ཆོས་སྒོ་སྤྱི་དང༌། ཡང་སྒོས་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་ཟབ་ལམ་གདམས་པའི་བླ་བརྒྱུད་དུ་གྱུར་པར་མ་ཟད། རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་ཆེན་པོའི་གཙོས་པའི་གཞུང་ཆེན་ལྗགས་ཁྲིད་གནང་བས་སྤྱོད་འཇུག་བླ་མ་ཞེས་པའི་མཚན་སྙན་ཡང་ཐོགས། དམ་པ་འདི་ཉིད་ཀྱིས་སྨྱོ་ཤུལ་ལུང་རྟོགས་དང་། འཇུ་མི་ཕམ། ཀཿཐོག་སི་ཏུ་མཆོག་སྤྲུལ་ཆོས་ཀྱི་བློ་གྲོས། རྫོགས་ཆེན་སྐུ་ཕྲེང་ལྔ་པ་ཐུབ་བསྟན་ཆོས་རྡོར། རྒྱལ་རོང་ནམ་སྤྲུལ་ཀུན་བཟང་ཐེག་མཆོག་རྡོ་རྗེ། ཨ་ལགས་མདོ་སྔགས་རྒྱ་མཚོ་སོགས་རྙིང་མའི་མཁས་གྲུབ་ཀྱི་སྐྱེས་བུ་དུ་མ་དང་། སེར་ཤུལ་ལྷ་རམས་པ་ཐུབ་བསྟན། དཔལ་སྤུངས་བླ་མ་བཀྲ་ཤིས་འོད་ཟེར་སོགས་ས་དགེ་བཀའ་བརྒྱུད་ཀྱི་བླ་མ་དེ་དག་གིས་གཙོས་པའི་སློབ་མ་མང་དུ་བསྐྱངས། གསུང་རྩོམ་ད་ཡོད་པོད་ཆེན་དྲུག་བཞུགས། རབ་བྱུང་བཅོ་ལྔ་པའི་མེ་ཕག་ཕྱི་ལོ་ ༡༨༨༧ ལོའི་ས་ག་ཟླ་བའི་ཚེས་བཅོ་བརྒྱད་ཉིན་སྐུ་གཤེགས།

{{#arraymap:དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་

|; |@@@ | | }}