27482

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབུ་མ་ཐལ་འགྱུར་བའི་ལུགས་སྲོལ་ཐུན་མོང་མ་ཡིན་པ་ཉི་ཤུ་ (1)
Part of speech མིང་ཚིག
Definition ༡ ཀུན་གཞིའི་རྣམ་ཤེས་མི་འདོད་པ། རང་རིག་འགོག་ལུགས་ཐུན་མོང་བ་ཡིན་པ། ༢ སྔ་རྒོལ་དང་ཕྱི་རྒོལ་གཉིས་ཀ་ལ་རྩོད་གཞི་ཆོས་ཅན་མཐུན་སྣང་དུ་གྲུབ་པའི་སྟེང་བསྒྲུབ་བྱ་སྒྲུབ་མི་དགོས་པས། རྣམ་འགྲེལ་སོགས་ལས་བཤད་པའི་རང་རྒྱུད་ཀྱི་རྟགས་ཀྱི་རྟགས་སྦྱོར་མི་འདོད་ཅིང། ཐལ་འགྱུར་བ་རང་ལུགས་ལ་གཞན་གྲགས་ཀྱི་གཏན་ཚིགས་རང་གྲགས་ཀྱི་གཏན་ཚིགས་ཟེར་བ་དོན་གཅིག་པས། གཞན་གྱི་ཁས་བླང་ལ་འཁྲིས་ནས་བསྒྲུབ་བྱ་སྒྲུབ་པའི་སྦྱོར་ངག་གམ་ཐལ་འགྱུར་ཏེ་རེ་རེས་ཀྱང་དེ་ཁོ་ན་ཉིད་གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་ཕྲ་མོ་རྟོགས་པའི་རྗེས་དཔག་བསྐྱེད་ནུས་སུ་བཞེད་པ། ༣ དོན་དམ་དཔྱོད་པའི་རིགས་ངོར་མི་དམིགས་ཤིང་ཐ་སྙད་དཔྱོད་པའི་བློ་ངོར་ཇི་བྱས་ཀྱང་འགོག་མི་ནུས་པས་བློས་ཕར་བཏགས་ཙམ་གྱི་ཕྱི་དོན་ཡོད་པར་འདོད་པ། ༤ ཐེག་པ་གསུམ་པོ་ཐམས་ཅད་ཀྱི་རང་གི་ཚོགས་ལམ་འབྲིང་ཐོབ་ནས་ཐལ་འགྱུར་བའི་ལུགས་ལ་ཆོས་ཐམས་ཅད་རང་བཞིན་མེད་པར་ལྟ་བའི་ལྟ་བརྒྱུད་ལ་སྐྱེས་ཤིང་། རང་རང་གི་འཕགས་ལམ་ཐོབ་ནས་གང་ཟག་དང་ཆོས་གཉིས་རང་བཞིན་མེད་པ་སྟེ། གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་མངོན་དུ་ཅིག་ཅར་བྱས་པ་ཞིག་འདོད་པ། བློ་ལ་སྦྱར་ན་མངོན་དུ་བྱས་པ་ནི་མངོན་སུམ་རྟོགས་པ་ལ་ཟེར། ༥ རང་རྒྱུད་པ་མན་གྱི་མི་འདོད་ཀྱང་ཐལ་འགྱུར་བས་དུག་གསུམ་ཆར་གྱི་ངོ་བོ་བདེན་འཛིན་ཡིན་པའི་ཉོན་མོངས་ཕྲ་མོ་དང་གྲུབ་མཐའ་འོག་མས་ཤེས་སྒྲིབ་ཏུ་འདོད་པའི་བདེན་འཛིན་གང་ཡིན་ཉོན་སྒྲིབ་ཏུ་འདོད་པ། ༦ ཞིག་པ་རྒྱུས་སྐྱེས་པས་ཞིག་པ་དངོས་པོར་འདོད་པ། ༧ མདོ་སྡེ་པ་སེམས་ཙམ་དབུ་མ་རང་རྒྱུད་པ་རྣམས་ཀྱིས་འདས་མ་འོངས་གཉིས་འདུས་མ་བྱས་དང་མེད་དགག་ཏུ་འདོད། ད་ལྟ་བ་སྒྲུབ་པ་དང་དངོས་པོར་འདོད། བྱེ་བྲག་སྨྲ་བ་དང་། ཐལ་འགྱུར་བས་ཞིག་པ་དངོས་པོར་འདོད་པའི་རྒྱུ་མཚན་གྱིས་འདས་མ་འོངས་གཉིས་འདུས་བྱས་དང་མ་ཡིན་དགག་དང་། ད་ལྟ་བ་སྒྲུབ་པ་དང་དངོས་པོ་འདོད་པ། ༨ མཐའ་ཡི་སོགས་ཁོངས་ནས་ཐོན་པ་ནི་བདག་མེད་གཉིས་སྟོང་ཚུལ་གྱི་སྒོ་ནས་རང་རྒྱུད་པ་མན་གྱིས་འཇོག་ཀྱང་ཐལ་འགྱུར་བས་སྟོང་གཞི་ཆོས་ཅན་གྱི་སྒོ་ནས་འཇོག་པས་གང་ཟག་རང་བཞིན་གྱིས་གྲུབ་པས་སྟོང་པ་གང་ཟག་གི་བདག་མེད་ཕྲ་མོར་འདོད་པ། ༩ མངོན་པ་གོང་འོག་གཉིས་ནས་བཤད་པའི་ཉོན་མོངས་རྣམས་ཉོན་མོངས་རགས་པ་ཡིན་པས་རེ་ཞིག་སྤངས་པའི་ལམ་མ་ཞུགས་དང་ལམ་ཞུགས་ཚོགས་ལམ་པ་གང་རུང་ཡོད་ཀྱང་། ཚོགས་ལམ་འབྲིང་ཡན་གྱི་ལམ་བགྲོད་མི་ནུས་པས་མངོན་པ་གཉིས་ནས་བཤད་པའི་དགྲ་བཅོམ་དགྲ་བཅོམ་མ་ཡིན་པར་འདོད་པ། ༡༠ ཐལ་འགྱུར་བས་མི་རྟག་པའི་བློ་ལ་གྲུབ་མཐའ་འོག་མའི་འདོད་པ་ལྟར་མ་གཏོགས་ཕྲ་རགས་གཉིས་མི་འབྱེད་ཀྱང་མི་རྟག་སོགས་བཅུ་དྲུག་གི་བཅོ་ལྔ་ལ་ཕྲ་རགས་གཉིས་ཕྱེ་བའི་རགས་པའི་མི་རྟགས་པ་སོགས་བཅུ་དྲུག་རྟོགས་པའི་རྣལ་འབྱོར་མངོན་སུམ། ལམ་མ་ཞུགས་དང་། ལམ་ཞུགས་ཚོགས་ལམ་གྱི་འབྲིང་མན་ཆད་ལ་ཡང་ཡོད་པར་འདོད་པ། ༡༡ སངས་རྒྱས་ཕལ་པོ་ཆེ་ཡི་མདོ་ཚན་མདོ་སྡེ་ས་བཅུ་པའི་རྗེས་སུ་འབྲངས་ཏེ། དམན་ལམ་སྔོན་དུ་མ་སོང་བས་ས་བརྒྱད་པ་ནས་ཉོན་སྒྲིབ་སྤངས་པ་དང་། ཤེས་སྒྲིབ་ཉོན་སྒྲིབ་ཀྱིས་བཞག་པའི་བག་ཆགས་ལྡན་མིན་འདུ་བྱེད་ཀུན་བཏགས་དང་ལྷན་སྐྱེས་གཉིས་མེད་པར་སྒྲིབ་ལུང་མ་བསྟན་དུ་འདོད་པ། ༡༢ མངོན་སུམ་ལ་རྟོག་པ་དང་བྲལ་མི་དགོས་ཏེ། སོ་སོ་སྐྱེ་བོའི་རྒྱུད་ཀྱི་ཀུན་རྫོབ་ཀྱི་ཆོས་དངོས་ཡུལ་དུ་བྱེད་པའི་ཡིད་ཤེས་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་མངོན་སུམ་ཚད་མ་ཡིན། སྔོ་འཛིན་མིག་ཤེས་ཀྱིས་དྲངས་པའི་སྔོན་པོ་དོན་མཐུན་ངེས་པའི་ངེས་ཤེས་མངོན་སུམ་ཚད་མ་ཡིན། འདི་གཉིས་ནི་རྟོག་པ་ཡིན་པའི་མངོན་སུམ་ཚད་མ་ཡིན། སོ་སྐྱེའི་རྒྱུད་ཀྱི་རྟོག་མེད་མངོན་སུམ་ཚད་མ་ནི། གཞན་སེམས་ཤེས་པའི་མངོན་ཤེས་དང་མངོན་པ་གཉིས་ནས་བཤད་པའི་དགྲ་བཅོམ་པའི་རྒྱུད་ཀྱི་མི་རྟག་སོགས་བཅུ་དྲུག་རྟོགས་པའི་བློ་ལྟ་བུར་འདོད་པ། ༡༣ རྗེས་དཔག་ཚད་མས་དྲངས་པའི་རྟོག་པ་དཔྱད་ཤེས་དང་། མངོན་སུམ་ཚད་མས་དྲངས་པའི་མངོན་སུམ་དཔྱད་ཤེས་གཉིས་ཀ་ཚད་མར་འདོད་པ། ༡༤ ཕྱི་རོལ་པ་ནས་བཟུང་རང་རྒྱུད་པ་མན་ཆད་ཀྱི་སྣང་བས་ཆད་ལྟའམ་མེད་མཐའ་སེལ། སྟོང་པས་རྟག་མཐའ་འམ་ཡོད་མཐའ་སེལ་ཟེར་བ་ཡིན་ཀྱང་། ཐལ་འགྱུར་བའི་སྐབས་སུ་སྔ་མ་དེ་གོ་ས་བརྗེས་ནས། སྣང་བས་རྟག་མཐའ་འམ་ཡོད་མཐའ་སེལ། སྟོང་པས་ཆད་ལྟ་འམ་མེད་མཐའ་སེལ་བར་འདོད་པ། ༡༥ འགོག་བདེན་གང་ཡིན་ཐམས་ཅད་དང་། འདུས་བྱས་འདུས་མ་བྱས་ཐམས་ཅད་ཀྱི་དབྱིངས་སམ་ཆོས་ཉིད་གང་ཡིན་དོན་དམ་བདེན་པར་འདོད་པ། ༡༦ ཉན་རང་དགྲ་བཅོམ་གང་ཡིན་ཐམས་ཅད་སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཚེ་ལྷག་མ་མེད་པ་དང་དེ་ཡི་རྒྱུད་ཀྱི་མྱང་འདས་ནི་ལྷག་མེད་མྱང་འདས་དང་། མཉམ་བཞག་ལས་ལྡང་ཚེ་ལྷག་བཅས་པ་དང་། དེ་ཡི་རྒྱུད་ཀྱི་མྱང་འདས་ལྷག་བཅས་མྱང་འདས་ཡིན་པ། ཤཱ་རིའི་བུ་ལ་རྗེས་སུ་ཟློས་པའི་མདོ་ཡི་རྗེས་སུ་འབྲང་ནས་ཐལ་འགྱུར་བས་འདོད་པའོ། ། ༡༧ ཁ་ནང་ལྟའི་ཤེས་པ་དང་། ཁ་ཕྱི་ལྟའི་ཤེས་པ་གཉིས་པ་གཉིས་མི་འདོད་དེ། རང་མྱོང་རང་རིག་མི་འདོད་པས། གཞན་མྱོང་གཞན་རིག་གི་ཤེས་པ་མི་འདོད་པ། བློ་རིག་ཤེས་གསུམ་མངོན་འགྱུར་དུ་སྐྱེ་བ་དང་། དེས་ཡུལ་མངོན་སུམ་དུ་རྟོགས་ཀྱང་གང་ཡིན་མངོན་ལྐོག་གཉིས་ཀྱི་ནང་ནས་ལྐོག་གྱུར་དུ་འདོད། ༡༨ རྟོག་པས་ཕར་བཏགས་ཙམ་མ་ཡིན་པས་ཡོད་པ་གཅིག་བྱུང་ཕྱིན་ཆད་དེ་རང་ངོས་ནས་གྲུབ་པའི་དོན་དང་། རང་བཞིན་གྱིས་གྲུབ་པའི་དོན་དང་། རང་གི་མཚན་ཉིད་ཀྱིས་གྲུབ་པའི་དོན་ཡིན་པས། སྟོང་ཉིད་གཏན་ལ་འབེབས་བྱེད་ཀྱི་དགག་བྱ་ཕྲ་མོར་འདོད་པའོ། ། ༡༩ བྱས་བསགས་ཀྱི་ལས་ཞིག་ནས་བསྐལ་པ་དུ་མ་སོང་བས་ཀྱང་འབྲས་བུ་འབྱིན་པ། ༢༠ ཐལ་འགྱུར་བའི་ལུགས་ཀྱི་བདེན་པ་གཉིས་ནི། མཐར་ཐུག་དཔྱོད་པའི་རིག་ཤེས་ཚད་མ་དེ་ཁྱོད་ལ་མཐར་ཐུག་དཔྱོད་པའི་རིག་ཤེས་སུ་སོང་བའི་རྙེད་དོན། དོན་དམ་པའི་མཚན་ཉིད། མཚན་གཞི་ནི་གང་ཟག་གི་བདག་མེད་ཕྲ་མོ་དང་། ཆོས་ཀྱི་བདག་མེད་ཕྲ་མོ། སྟོང་ཉིད་བཅོ་བརྒྱད་རྣམས་སོ། །ཐ་སྙད་དཔྱོད་བྱེད་ཚད་མའི་རྙེད་དོན་གང་ཞིག དེ་ཁྱོད་ལ་ཚད་མར་སོང་བ། ཀུན་རྫོབ་བདེན་པའི་མཚན་ཉིད། མཚན་གཞི་ནི། དོན་དམ་བདེན་པ་མ་ཡིན་པའི་རྟག་པ་དང་དངོས་པོ་ཐམས་ཅད་ཡིན་ནོ། །ཡང་ན། ལྕང་སྐྱ་རོལ་པའི་རྡོ་རྗེས། ཤེས་བྱ་རྫུན་པ་བསླུ་བའི་དོན་འཇལ་བའི་ཐ་སྙད་པའི་ཚད་པའི་རྙེད་དོན་གང་ཞིག ཚད་མ་དེ་ཁྱོད་ལ་ཐ་སྙད་དཔྱོད་བྱེད་དུ་སོང་བ་ནི། ཀུན་རྫོབ་བདེན་པའི་མཚན་ཉིད། དོན་དམ་དཔྱོད་བྱེད་ཀྱི་རིག་ཤེས་ཚད་མའི་རྙེད་དོན་གང་ཞིག དོན་དམ་བདེན་པའི་མཚན་ཉིད། དོན་དམ་བདེན་པའི་ཚད་གཞི་ནི། ངོ་བོ་ཉིད་སྐུ། རང་བཞིན་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ། མྱང་འདས་བྲལ་བའི་འབྲས་བུ། ཐར་པ། ཞི་བ། འགོག་བདེན་ཕྲ་མོ། ཉིད། ཆོས་དབྱིངས། ཕྱག་རྒྱ་ཆེན་པོ། ཆོས་རྣམས་ཀྱི་གནས་ལུགས། དོན་དམ་པའི་གནས་ལུགས། རང་བཞིན། ངོ་བོ་ཉིད་སྐུ། དེ་བཞིན་ཉིད། དེ་ཁོ་ན་ཉིད་རྣམས་སོ། །བུམ་པའི་གཤིས་ལུགས། བུམ་པའི་གནས་ལུགས། བུམ་པའི་རང་བཞིན། བུམ་པའི་ཆོས་ཉིད་རྣམས་དོན་གཅིག ཡང་ན་སྟོང་ཉིད་ཉི་ཤུ། བཅོ་བརྒྱད། བཅུ་དྲུག་དང་བཞིའོ། །དེ་ཐམས་ཅད་ཆོས་ཀྱི་བདག་མེད་དང་། གང་ཟག་གི་བདག་མེད་གཉིས་སུ་ངེས་སོ། །གཞི་བདེན་པ་གཉིས་ལ་ཀུན་རྫོབ་ཀྱི་བདེན་པ། ཐ་སྙད་བདེན་པ། ཐབས་ཀྱི་བདེན་པ། ཚུ་རོལ་གྱི་བདེན་པ་རྣམས་དོན་གཅིག དོན་དམ་བདེན་པ། མཆོག་གི་བདེན་པ། ཐབས་བྱུང་གི་བདེན་པ། ཡང་དག་པའི་བདེན་པ་རྣམས་དོན་གཅིག་ཅེས། བླ་མ་ལྕང་སྐྱས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:དབུ་མ་ཐལ་འགྱུར་བའི་ལུགས་སྲོལ་ཐུན་མོང་མ་ཡིན་པ་ཉི་ཤུ་

|; |@@@ | | }}