27770

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབུས་སྨྱོན་ཀུན་དགའ་བཟང་པོ་ (1)
Part of speech མིང་ཚིག
Definition ཁོང་ནི་སྦྲང་ཡུལ་འོལ་ཁའི་ས་ཆ་འོད་བཟང་གྲོང་དུ། ཡབ་ཉང་འོད་བཟང་སྲད་ག་དང་། ཡུམ་འབའ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བརྒྱད་པའི་ས་སྟག་ ༡༤༥༨ ལོར་བལྟམས། དགུང་ལོ་ལྔ་དྲུག་ཙམ་ནས། རྒོད་ཕྲུག་ཆོས་རྗེའི་དངོས་སློབ་ཡོན་སྒོམ་ལས་རི་ཆོས་ཡོན་ཏན་ཀུན་འབྱུང་སོགས་གསན། སྐུ་ཆུང་དུས་ནས་ཡུམ་གཤེགས་ཤིང། འཁོར་བ་ལ་ཐུགས་སྐྱོ་སྟེ། བཅུ་དྲུག་ལ་གཞན་གྱི་ཟླ་ལ་ཙ་རིར་བྲོས། དེར་གྲུབ་ཆེན་ཆུ་བོ་རི་པ་ཀུན་དགའ་རྣམ་རྒྱལ་དང་མཇལ་ཏེ། རབ་བྱུང་བསྒྲུབས། མཚན་ཀུན་དགའ་བཟང་པོར་གསོལ། ལོ་གསུམ་གྱི་བར་བསྟེན་ཏེ། དབང་ཁྲིད་ལུང་བསམ་གྱིས་མི་ཁྱབ་པ་བསྩལ། བཅོ་བརྒྱད་པར། མཁས་གྲུབ་བསོད་ནམས་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་གི་དྲུང་དུ་དགེ་ཚུལ་བཞེས། རྟོགས་ལྡན་བསོད་ནམས་བཟང་པོ། སྟག་ལུང་ངག་གི་དབང་པོ་དང་། ཆོས་རྗེ་དཔལ་འབྱོར་རྒྱ་མཚོ། གྲུབ་ཆེན་ཆུ་འཕུར་བ། ཆོས་རྗེ་ཤར་སྨད་པ། རྗེ་ནམ་མཁའ་བློ་གྲོས། རྗེ་བཙུན་མི་གཡོ་བ། པཎ་ཆེན་ཤཱཀྱ་མཆོག་སོགས་ལས་དབང་ཁྲིད་མང་དུ་གསན། རིན་པོ་ཆེ་བྲག་ལྕོག་པ་རིན་ཆེན་བཟང་པོ་ལས། ཤངས་ཆོས་སྐོར་སོགས་བུམ་པ་གང་བྱོའི་ཚུལ་དུ་གསན་ཅིང་རིགས་བདག་ཏུ་བཞེས། བླ་མའི་བཀའ་བཞིན་མི་ལའི་རྫོང་དྲུག། གངས་ཏི་སེ། བལ་ཡུལ་མཐིལ། རྒྱ་གར་ཕམ་མཐིང་ཚུན། ལོ་ཧྲིལ་པོ་ལྔའི་བར་བྱོན་བཞུགས་མཛད། ཉམས་རྟོགས་ཀྱི་རྩལ་རྒྱས། རྫུ་འཕྲུལ་དུ་མ་བསྟན། ཧེ་རུ་ཀའི་ཆས་སུ་ཞུགས་ཏེ། མངའ་རིས་སུ་ཕེབས། རྫོང་ཁ་རྒྱལ་པོའི་ཕོ་བྲང་དུ་ཐལ་བྱུང་བྱོན་རྐྱེན་སྐུ་ལ་མཚོན་ཆ་བསྣུན་ཀྱང་མ་ཟུག་ཅིང་། ཧར་གྱིས་བཞེངས་ཏེ། ཧཱུྃ་ཕཊ་ཀྱི་སྒྲ་སྒྲོག་བཞིན་བྲོ་འཁྲབས་པས། རྒྱལ་བློན་རྣམས་རབ་ཏུ་དད་ཅིང་། བསྙེན་བཀུར་ཕུལ། མཚན་དབུས་པ་སྨྱོན་པ་ཞེས་གྲགས་སོ། །སླར་རྒྱ་བལ་ཕྱོགས་སུ་བྱོན་ཏེ། དབང་ཕྱུག་སོགས་ཀྱི་རྟེན་ལ་བརྡུང་བཅོག་གིས་རྐྱེན་པས། མཚོན་བསྣུན་པ། མགུལ་ཐག་པས་བསྡམས་པ། སྐུ་ལུས་གསོན་པོར་བསྲེགས་ཀྱང་། ཞག་མ་ལོན་པར། སྐུ་གར་སྟབས་སུ་མཛད་ཅིང་། བཀྲག་མདངས་གཟི་བརྗིད་ཅན་བྱོན་པས། རྒྱ་བོད་ཐམས་ཅད་དུ་གྲུབ་ཐོབ་ཀྱི་གྲགས་པས་ཁྱབ། ཕྱིས་སུ་ནང་པ་དྲུང་ཆེན་གྱིས་ཐར་པ་གླིང་ཞེས་པའི་ཆོས་གཞིས་ཕུལ་ཏེ། དེར་སྒྲུབ་གྲྭ་བཙུགས་ཤིང་། འཁོར་སློབ་དཔག་ཏུ་མེད་པ་འདུས་པར་ཟབ་ཆོས་རྣམས་སྨར་ཁྲིད་དུ་བསྩལ། མཐར་དགུང་ལོ་དོན་ལྔ་པ་ ༡༥༣༢ ཆུ་འབྲུག་བོད་ཟླ་དགུ་པའི་ཚེས་བཅོ་ལྔ་ལ་བབ་པ་ན། ཞབས་རྡོར་སྐྱིལ། ཕྱག་མཉམ་བཞག་ངང་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏོ། །གདུང་ལ་ལྷ་སྐུ་དང་། རིང་བསྲེལ་ཁ་དོག་ལྔ་ལྡན་འཁྲུངས། སློབ་མ་ཡང་དབོན་སྲས་གདན་ས་པ། གཙང་སྟོད་རབ་འབྱམས་པ་ཉི་ཟླ་འབྲུག་གྲགས། མི་ཉག་རབ་འབྱམས་པ་དགེ་འདུན་དཔལ། སྨྱུག་ལ་པཎ་ཆེན་ངག་དབང་གྲགས་པ། དུང་དཀར་རས་པ་ཀུན་དགའ་སྙིང་པོ། མཁར་ནག་རྟོགས་ལྡན་བསོད་ནམས་རྒྱལ་མཚན། རྫོང་དཀར་རས་ཆེན། གངས་དཀར་རས་ཆེན། སྟག་གཤེར་རས་པ། བ་ལོག་ཀུན་སྤངས། མགོན་ནག་ཆོས་མཛད། འཇིགས་མེད་རས་པ། སེང་གེ་རས་པ། རས་རྔ་རྟོགས་ལྡན། ཤཱཀྱ་ཆོས་འཕེལ། བློ་ལྡན་རྡོ་རྗེ་སོགས་ཉམས་རྟོགས་མཐར་ཕྱིན་པའི་བྱ་བྲལ་བ་ཤིན་ཏུ་མང་པོ་བྱུང་ངོ་། །

{{#arraymap:དབུས་སྨྱོན་ཀུན་དགའ་བཟང་པོ་

|; |@@@ | | }}