30583

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ (1)
Part of speech མིང་ཚིག
Definition ཁམས་སྨར་ཤོད་གོ་འཇོ་གསེར་ཁར། བི་ཇིའི་གདུང་རྒྱུད་ལྷ་རྗེ་ཚང་སར། ཡབ་རྡོ་རྗེ་བཀྲ་ཤིས་དང༌། ཡུམ་གཅིག་སྒང་དྲང་དཀར་མོ་བཟའ་ཞེས་བྱ་བའི་སྲས་སུ། རབ་བྱུང་བཅུ་གཅིག་པའི་ཆུ་བྱི་ ༡༦༧༢ ལོར་འཁྲུངས། དགུང་ལོ་ལྔ་ཙམ་ནས་ཡི་གེའི་ཕྱི་མོ་སོགས་རིག་གནས་ལ་སློབ་གཉེར་མཛད། དགུང་ལོ་བརྒྱད་ཀྱི་ཐོག་ནས་ཡབ་མེས་གོང་མ་རྣམས་ཀྱི་ཤུལ་འཛིན་ཕྱིར། རིག་གནས་སྤྱི་དང་ཁྱད་པར་སྨན་རྩིས་བཅས་པར་ཐོས་བསམ་གནང༌། བཅུ་གཉིས་ལ་འཆད་རྩོམ་ནུས་པ་བྱུང༌། བཅུ་བདུན་ལ་འཁོར་བར་ཡིད་འབྱུང་སྟེ་རབ་ཏུ་བྱུང་ཞིང༌། ཁམས་སྒར་དུ་ཆོས་ཞུགས་མཛད། ཁམས་སྤྲུལ་གསུམ་པ་སོགས་མཁས་གྲུབ་རིམ་པའི་ཞབས་ལ་གཏུགས། འབྲུག་ལུགས་གཙོ་བོར་གྱུར་པའི་སྨིན་གྲོལ་སྤྱི་དང༌། ཕྱག་རྒྱ་ཆེན་པོའི་ཆོས་སྐོར་ཡོངས་རྫོགས་གསན། སྨིན་གླིང་གི་གདུང་སྲས་པདྨ་དབང་རྒྱལ་གྱི་དྲུང་ནས། རྒྱུད་གསང་སྙིང་སོགས་རྫོགས་པ་ཆེན་པོའི་ཆོས་སྐོར་རྣམས་གསན། གདན་ས་སེ་འབྲས་གཉིས་སོགས་སུ་གཞུང་ཆེན་ལྔར་སློབ་གཉེར་དཔྱིས་ཕྱིན་པ་མཛད་དེ། དགེ་བཤེས་ཀྱི་མཚན་བཞེས་པས། དེའུ་དམར་དགེ་བཤེས་ཞེས་ཡོངས་སུ་གྲགས། ཕྱི་ཐ་སྙད་རིག་པའི་གནས་ཡན་ལག་དང་བཅས་པ། ནང་མདོ་རྒྱུད་དགོངས་འགྲེལ་དང་བཅས་པ། གསང་བ་ཟབ་མོའི་ཉམས་ལེན་དང་བཅས་པ་ཐོས་བསམ་སྒོམ་གསུམ་རྒྱ་ཆེར་མཛད་པས། བོད་ལྗོངས་སུ་དེའུ་དམར་པཎ་ཆེན་ཞེས་མཚན་སྙན་གྱིས་ཁྱབ་པར་གྱུར། ལྷ་ཐོག་རྒྱལ་པོ་བློ་གྲོས་ཀྱིས་རྗེ་འདི་ལ་སྡང་ཟུག་གིས། ཕྱག་རྩོམ་ཕོན་ཆེན་མེར་བསྲེགས་པ་སོགས། བར་གཅོད་བརྩམས་པར་གྲགས་ཀྱང་། གནོད་པར་མ་ནུས་པར་མཛད་ཕྲིན་རྒྱས་པའི་གསོས་སུ་གྱུར་ཏེ། རྒྱ་ནག་རི་བོ་རྩེ་ལྔ་དང་གླང་ཆེན་འགྱིང་རི་སོགས་སྟོད་སྨད་ཀྱི་ཡུལ་གྲུ་དུ་མར་འགྲོ་དོན་ཕྱོགས་མཐར་ཁྱབ། གོ་འཇོ་རུ་དེའུ་དམར་ཟབ་རྒྱས་ཆོས་གླིང་གསར་དུ་ཕྱག་བཏབ་སྟེ། མཆོད་རྫས་མང་པོ་གསར་དུ་བསྐྲུན། གཞན་ཡང་ཁམས་དགོན། ཐང་སྐྱ། ཕུར་ཐང་སོགས་ཉམས་གསོ་དང་རྟེན་གསུམ་ཕྱག་བཟོའི་རིགས་མང་དུ་གནང༌། རང་གི་གདན་ས་དེ་ཉིད་དང༌། གོ་འཇོ་ནུབ་དགོན། ཨཀྵའི་རི་ཁྲོད་སོགས་སུ་སྡེ་སྣོད་གསུམ་སོགས་ནང་རིག་པའི་སྐོར་དང༌། གསོ་བ་རིག་པ་སོགས་ཐ་སྙད་རིག་པའི་སྐོར་རྣམས་སློབ་ཚོགས་ལ་སྤེལ་བས། ཐུན་མོང་དང་ཐུན་མིན་གྱི་རིག་གནས་ལ་མཁས་པའི་བུ་སློབ་ཀྱིས་གངས་ལྗོངས་ཁྱབ་པ་བྱུང་བ་ལས། སློབ་མའི་གཙོ་བོ་ནི། སི་ཏུ་པཎ་ཆེན་བསྟན་པའི་ཉིན་བྱེད། ཁམས་སྤྲུལ་བཞི་པ། རྫ་སྟོད་ལྷ་ཆེན་དྷརྨ་མངྒ་ལ་སོགས་དུ་མ་བྱུང་ངོ༌། །གསུང་རྩོམ་ནི་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་སྒོམ་རིམ་སོགས་ནང་རིག་པ་དང༌། སྒྲ་རྩིས་བཟོ་སོགས་ཕྱི་རིག་པའི་སྐོར་དང༌། ང་དྲུག་པ་མེ་ལུག་ལོར་བརྩམས་པའི་བདུད་རྩི་སྨན་གྱི་རྒྱས་བཤད་དྲི་མེད་ཤེལ་གོང་དང་། ཤེལ་ཕྲེང་རྩ་འགྲེལ་སོགས་གསོ་བ་རིག་པའི་སྐོར་གྱི་གསུང་རྩོམ་རྣམས་ཤིན་ཏུ་སྙན་གྲགས་ཆེའོ། །བསྟན་འགྲོར་མཛད་རྗེས་བླ་ན་མེད་པ་བཞག་སྟེ། ངོ་མཚར་བའི་ལྟས་དང་བཅས་ཞིང་འདིར་སྐུའི་མཛད་པ་ཉེར་བར་བསྡུས་སོ། །

{{#arraymap:དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་

|; |@@@ | | }}