31698

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྲི་མེད་བཤགས་རྒྱུད་ (1)
Part of speech མིང་ཚིག
Definition བཅོམ་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས། རི་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེ་མོར། དམ་པའི་རིགས་ཅན་དྲ་མ་ལྔ་དང་རིག་འཛིན་ཀུཉྫ་ར་སོགས་ལ་གསུངས་པའི་མ་ཧཱ་ཡོ་གའི་རྒྱུད་སྡེ་ཞིག་སྟེ། མཚན་རྒྱས་པར། རྒྱ་གར་སྐད་དུ། ས་མ་ཡ་སརྦ་བི་ཏི་ཨ་ནུ་སརྦ་ས་ནི་ཏནྟྲ་བི་མ་ལ་རཱ་ཛ། ཞེས་དང་། བོད་སྐད་དུ། དམ་ཚིག་ཐམས་ཅད་ཀྱི་ཉམས་ཆག་སྐོང་བའི་ལུང་། བཤགས་པ་ཐམས་ཅད་ཀྱི་རྒྱུད་དྲི་མ་མེད་པའི་རྒྱལ་པོ་ཞེས་བྱ། ནང་དོན་ལ་རྒྱུད་འདིའི་ལེའུ་དང་པོ་ནས། བྱ་སྤྱོད་རྣལ་འབྱོར་བླ་མེད་པའི། །རྒྱུད་ལ་གནས་པའི་རྣལ་འབྱོར་པའི། །གཞི་འཛིན་སྲུང་བ་སྲོག་འདྲ་ཡི། །ཉམས་ཆག་བསྐང་བཤགས་ཆོ་ག་རྣམས། །ཕྱི་རབས་ད་ལྟའི་དོན་དུ་གསུངས། །ཞེས་པ་ལྟར། གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཞུགས་པའི་རྣལ་འབྱོར་ཕོ་མོ་རྣམས་ཀྱི་དམ་ཚིག་ཉམས་ཆག་གི་སྐོང་ཐབས་རྒྱས་པར་བསྟན། འདི་ལ་ནང་གསེས་སུ་གླེང་གཞི་དང་གླེང་བསླང་བའི་ལེའུ་ནས་བཟུང་། ཡོངས་སུ་གཏད་པའི་བཤགས་པ་དང་རྗེས་སུ་ཡི་རང་བའི་ལེའུའི་བར་ལ་ལེའུ་བཅུ་དྲུག་གི་བདག་ཉིད་དུ་བཞུགས། རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། བོད་ཀྱི་ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མཱ་རས་བོད་སྐད་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། དུས་ཕྱིས་ཡི་གེ་རྒྱུན་འཕྱུགས་པས་མ་དག་པ་རྣམས་སྔར་གྱི་དཔེ་རྙིང་ཁུངས་ཐུབ་དག་ལ་གཏུགས་ཤིང་གོང་མའི་གསུང་རྒྱུན་དང་། གཞུང་དོན་ལ་དཔྱད་དེ་རང་བཟོས་མ་བསླད་པར་དགེ་སློང་མཚོ་སྐྱེས་བཞད་པས་༼ཞེ་ཆེན་དབོན་སྤྲུལ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་༽བརྡ་ཚིག་གཉིས་ཀ་དཔྱིས་ཕྱིན་པར་ཞུ་དག་པར་བགྱིས་ཏེ་ཡིད་བརྟན་དུ་རུང་བའི་ཕྱི་མོར་བསྔགས་པ། སླར་ཡང་ཁམས་དང་བོད་ཕྱོགས་སུ་སྔར་ནས་ཡིག་རྒྱུན་སོ་སོར་གྱེས་པས་ཚིག་འབྲུ་འགའ་རེ་ཆད་ལྷག་འདུག་པ་རྣམས་དགེ་པཎ་༼དགེ་རྩེ་མ་ཧཱ་པཎྜི་ཏ་འགྱུར་མེད་ཚེ་དབང་མཆོག་གྲུབ་༽ཞབས་ནས་རྙིང་རྒྱུད་སྤར་གྱི་སྐབས་ཞིབ་པར་བཅོས་ཏེ་ཡིད་བརྟན་དུ་རུང་བར་མཛད་ཚུལ་མཇུག་བྱང་དུ་གསལ། རྒྱུད་འདི་སྔ་འགྱུར་བཀའ་མའི་ཁོངས་སུ་བཞུགས།

{{#arraymap:དྲི་མེད་བཤགས་རྒྱུད་

|; |@@@ | | }}