31982

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྲེའུ་ལྷས་གྲུབ་དབང་ལྔ་པ་ཀུན་དགའ་མི་འགྱུར་རྡོ་རྗེ་ (1)
Part of speech མིང་ཚིག
Definition དྲེའུ་ལྷས་གྲུབ་དབང་སྐུ་ཕྲེང་ལྔ་པ་ཀུན་དགའ་མི་འགྱུར་རྡོ་རྗེ་མཆོག་ནི། ཡར་ལུང་རབ་བརྟན་ཤར་དུ། ཡབ་གསང་བའི་བདག་པོ་སླེ་ལུང་བཞད་པའི་རྡོ་རྗེའི་སྲས་སུ། རབ་བྱུང་བཅུ་གཉིས་པའི་ལྕགས་གླང་ ༡༧༢༡ ལོར་སྐུ་བལྟམས། ཡབ་ཀྱིས་ཡི་དམ་ཆོས་སྲུང་གི་དབང་རྗེས་གནང་བཀའ་བསྒོ་གཉེར་གཏད་མཚན་གསོལ་གནང༌། དགུང་ལོ་གསུམ་པར་འབྲུག་པ་དཀར་བརྒྱུད་ཕྲིན་ལས་ཤིང་རྟ་ནས། གྲུབ་དབང་སྤྲུལ་སྐུར་ངོས་འཛིན་གནང༌སྟེ་དེའི་སློབ་མར་གྱུར། གོང་མའི་གདན་ས་དྲེའུ་ལྷས་ཀྱི་ཁྲི་ལ་ཕེབས་ཤིང༌། མཚན་ཀུན་དགའ་མི་འགྱུར་རྡོ་རྗེར་གསོལ། མཚན་གཞན་གཡུང་མགོན་རྡོ་རྗེའང་ཞུ། བཤེས་གཉེན་དོན་གྲུབ་ཆོས་འཕེལ་ལས་ཡི་གེ་འབྲི་ཀློག རང་ལུགས་ཆོས་སྤྱོད་རིག་གནས་སྐོར་གསན་སྦྱང་དང༌། བོད་རྗེ་མི་དབང་ཆེན་པོའི་བཀས་འབྲས་སྤུངས་སུ་བྱོན་ཏེ། མཁས་དབང་ཕྲིན་ལས་མཚན་ལ་བསྟེན་ནས། མཚན་ཉིད་རྒྱུའི་ཆོས་ལ་བརྒལ་ཞིང་བརྟག་པའི་སྒོ་ནས་སྒྲོ་འདོགས་ལེགས་པར་ཆོད་དེ། ཆོ་འཕྲུལ་སྨོན་ལམ་ཆེན་མོར་རབ་འབྱམས་གྲྭ་སྐོར་མཛད། རྣམ་དཔྱོད་འགྲན་ཟླ་དང་བྲལ་བའི་གྲགས་སྙན་ཀུན་ལ་ཁྱབ། རྒྱལ་བ་སྐལ་བཟང་རྒྱ་མཚོ་མཆོག་ལ་རྡོ་རྗེ་ཕྲེང་བའི་དབང་སོགས་ཆོས་བཀའ་མང་པོ་ཞུས། རྒྱལ་དབང་འབྲུག་པ་བདུན་པ་རིགས་ཀྱི་བདག་པོར་བསྟེན་ཏེ། འབྲུག་ལུགས་ཀྱི་སྨིན་གྲོལ་མང་པོ་གསན། མགོན་རིར་རྗེ་ངག་དབང་དོན་ཡོད་རྒྱ་མཚོར་ཕྱག་ཆེན་ཁྲིད་སོགས་སྒྲུབ་བརྒྱུད་སྙིང་པོའི་གདམས་པ་ཇི་སྙེད་དང༌། ཡབ་རྗེར་དག་སྣང་རྒྱ་ཅན་སྐོར་དང་ཐུགས་རྗེ་ཆེན་པོ་ཡབ་ཡུམ་ཆོས་བཀའ་སོགས་སྔ་འགྱུར་ཟབ་ཆོས་དུ་མ་གསན་ཅིང་དོན་གྱིས་རྒྱལ་ཚབ་ཏུ་མངའ་གསོལ། བཤེས་གཉེན་བྱམས་པའི་མཚན་ཅན། མཁྱེན་རབ་བསྟན་འཛིན་ལྷུན་གྲུབ། ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ། རྡོར་བྲག་རིག་འཛིན་ཆེན་མོ་སྐལ་བཟང་པདྨ་དབང་ཕྱུག མཁས་གྲུབ་འགྱུར་མེད་མཆོག་གྲུབ། པཎ་ཆེན་སི་ཏུ་བསྟན་པའི་ཉིན་བྱེད་སོགས་རིས་མེད་ཀྱི་དམ་པ་བཅུ་ཕྲག་ལྔར་ཉེ་བ་ལས་བཀའ་གཏེར་གསར་རྙིང་གི་ཟབ་ཆོས་མང་པོ་གསན་བཞེས་གནང་། ཆོས་རྒྱུད་ཀུན་ལ་དག་སྣང་ཐོབ། གདན་སར་ལོ་གསུམ་ཕྱོགས་གསུམ་གྱི་བསྙེན་སྒྲུབ་དང༌། བསྐྱེད་རྫོགས་ཀྱི་ཉམས་བཞེས་མཛད་པས། དྷཱུ་ཏིའི་མདུད་རྒྱ་གྲོལ་ཏེ། དབྱིངས་ས་མཆོག་གི་བཀའ་བཞིན། ལྷོ་བོད་ཀྱི་འཆིང་འདུམ་བསྟན་དོན་བདེ་ཐབས་རྒྱ་ཆེར་སྤེལ། ཞར་ལ་ཕྱོགས་དེའི་ཡུལ་སྲོལ་ཇག་མེའི་དམར་མཆོད་ཀྱི་སྲོལ་རྒྱུན་གཅོད་པར་མཛད། རྒྱལ་དབང་བདུན་པ་མཆོག་གིས། སླེ་ལུང་རྣམ་གྲོལ་གླིང་དུ་ཡབ་རྗེ་རིག་འཛིན་བཞད་པའི་མཚན་ཅན་གྱི་རྒྱལ་ཚབ་ཏུ་མངའ་གསོལ། རང་དགོན་དུ་གྲུབ་ཆེན་བརྒྱད་ཅུའི་སྣང་བརྙན་གསར་བཞེངས་ དང་། བསྟན་སྲུང་ནག་པོ་ཆེན་པོའི་སྒྲུབ་མཆོད་བཙུགས། རྗེ་དྲུང་ཡང་སྲིད་སྣང་མཛད་རྡོ་རྗེ་གཙོ་གྱུར་གྱི་སློབ་བུ་རྣམས་ལ་ཟབ་ཁྲིད་ཆེན་མོ་སོགས་བཙུགས། གསུང་རྩོམ་ཡང་པོད་བཅུ་གཉིས་ལོན་པ་མཛད། ལྷག་པར་སྙན་ངག་ལ་མཁས་པས་ཀུན་མཁྱེན་གྱི་སྲུང་མའི་མཆོད་ཕྲེང་དང་བསྐང་བ་སྙན་ངག་ཅན་ཕལ་ཆེ་བའི་འགྲེལ་བཤད་སོགས་ད་ལྟར་པོད་གཉིས་ལྷག་བཞུགས། མཐར་དགུང་ལོ་ཞེ་དགུ་པ་ས་གླང་ ༡༧༦༩ ལོར་དག་ཞིང་དུ་གཤེགས་སོ། །

{{#arraymap:དྲེའུ་ལྷས་གྲུབ་དབང་ལྔ་པ་ཀུན་དགའ་མི་འགྱུར་རྡོ་རྗེ་

|; |@@@ | | }}