32397

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ན་ཆུང་བུ་མོའི་རྩིས་ (1)
Part of speech མིང་ཚིག
Definition རྒྱའི་རྩིས་འགོ་བཅོ་ལྔ་ལས་སྨྲ་མཁན་ནེ་ཙོའི་གཟུགས་སམ་ཕྱག་རྒྱ་དབུས་སུ་བཀོད་པའི་རྩིས་གདན་སྟེང་དུ་བསྐོར་པའི་བྱིས་པ་བུ་མོའམ། གཞོན་ནུ་མ་རྣམས་ཀྱི་རྩིས་ལ་ཟེར་བ་ཡིན། དེ་ཡང་བརྩི་བྱའི་ལོ་རྟགས་ཕོ་ལོ་ཡིན་ན་འབྲུག་སྡེ་ལྔ་ལས་དབང་ཁམས་རང་ལོའི་དབང་ཁམས་ཀྱི་དགྲར་འགྲོ་བ་དེ་དང་། མོ་ལོ་ཡིན་ན་སྦྲུལ་སྡེ་ལྔ་ལས་དབང་ཁམས་རང་ལོའི་དབང་ཁམས་ཀྱི་དགྲར་འགྲོ་བ་དེ་སྐོར་འགོར་བཟུང་ཞིང་། སྐོར་འགོ་དེ་ནས་གཡོན་བསྐོར་ལ་རང་ལོས་དུ་ལོན་བགྲངས་ན་གང་དུ་འབབ་པའི་ལོག་མེན་ལྟ་བུ་དེ་རྩིས་གཞི་བྱས། རྩིས་གཞི་དེའི་ཡར་གྱི་བཞི་པའི་སྲོག་ལ་བརྩི་བྱའི་སྲོག་གིས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་ཐོག་མ་སྟེ་དང་པོ་ཡིན་ཞིང་། རྡེའུ་དེས་འཕང་རའི་བལ་སྐུད་སྟོངས་མ་སྟོངས་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུ་ལ་དཀར་པོ་བྱུང་ན་མ་སྟོངས་པས་བཟང་། ནག་པོ་བྱུང་ན་སྟོངས་པས་ནང་དང་མ་ཕྱི་རྒན་རིམ་སར་མི་འདོད་པའི་མྱ་ངན་འོང་། རྩིས་གཞི་དེའི་མར་གྱི་བཞི་པའི་ལུས་ལ་བརྩི་བྱའི་ལུས་ཀྱིས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་གཉིས་པ་ཡིན་ཞིང་། རྡེའུ་དེས་སྐེ་གཡུའི་བཀྲག་མདངས་ཡལ་མ་ཡལ་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུ་ལ་དཀར་པོ་བྱུང་ན་མ་ཡལ་བས་ཕ་མའི་དྲིན་ལས་རང་དྲིན་ཆེ། ནག་པོ་བྱུང་ན་ཡལ་བས་རང་མགོ་ཞན་ཞིང་ནད་གཅོང་འོང་། བཅོས་སུ་དཔལ་སྐྱེད་སོགས་གཏོ་ལ་འབད་དགོས། རྩིས་གཞི་དེའི་ཡར་གྱི་བཅུ་གཅིག་པའི་དབང་ཁམས་ལ་བརྩི་བྱའི་དབང་ཁམས་ཀྱིས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་གསུམ་པ་ཡིན་ཞིང་། རྡེའུ་དེས་ཧ་ལོ་སད་ཀྱིས་ཁྱེར་མ་ཁྱེར་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུ་ལ་དཀར་པོ་བྱུང་ན་མ་ཁྱེར་བས་བཟང་། ནག་པ་བྱུང་ན་ཁྱེར་བས་མི་ཁའམ་བར་ཆད་འོང་། རྩིས་གཞི་དེའི་མར་གྱི་བཅུ་གཅིག་པའི་ཀླུང་རྟར་བརྩི་བྱའི་ཀླུང་རྟས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་བཞི་པ་ཡིན་ཞིང་། རྡེའུ་དེས་དངུལ་དཀར་མེ་ལོང་གི་མཐིལ་བརྡོལ་མ་བརྡོལ་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུ་ལ་དཀར་པོ་བྱུང་ན་མ་བརྡོལ་པས་བཟང་། ནག་པོ་བྱུང་ན་བརྡོལ་པས་ངན། རྩིས་གཞི་དེའི་ཡར་གྱི་བདུན་པའི་སྲོག་ལ་བརྩི་བྱའི་སྲོག་གིས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་ལྔ་པ་ཡིན་ཞིང་། རྡེའུ་དེས་དར་ཟབ་གོས་ཀྱི་མདངས་ཡལ་མ་ཡལ་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུ་ལ་དཀར་པོ་བྱུང་ན་མ་ཡལ་བས་ཕ་དང་མིང་བོའི་སར་བཟང་། ནག་པོ་བྱུང་ན་ཡལ་བས་དེ་གཉིས་སར་ངན། རྩིས་གཞི་དེའི་མར་གྱི་བདུན་པའི་ལུས་ལ་བརྩི་བྱའི་ལུས་ཀྱིས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་དྲུག་པ་ཡིན་ཞིང་། རྡེའུ་དེས་གསེར་གཡུའི་མགོ་རྒྱན་བྲལ་མ་བྲལ་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུ་ལ་དཀར་པོ་བྱུང་ན་མ་བྲལ་བས་བཟང་། ནག་པོ་བྱུང་ན་བྲལ་བས་ཕ་མ་གཉིས་དང་འགྲོགས་ཡུན་ཐུང་ཞིང་གཏན་གྲོགས་སར་ངན། བཅོས་རིམ་ལ་གཏོ་ནག་མྱ་ངན་དགུ་བཟློག་བྱ་དགོས། རྩིས་གཞི་དེ་ཉིད་ཀྱི་དབང་ཁམས་ལ་བརྩི་བྱའི་དབང་ཁམས་ཀྱིས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་བདུན་པ་ཡིན་ཞིང་། རྡེའུ་དེས་དུང་ཕྲེང་ཐག་པ་ཆད་མ་ཆད་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུ་ལ་དཀར་པོ་བྱུང་ན་མ་ཆད་པས་བཟང་། ནག་པོ་བྱུང་ན་ཆད་པས་ཚེ་དང་སྲོག་ལ་ངན། རྩིས་གཞི་དེ་ཉིད་ཀྱི་ཀླུང་རྟར་བརྩི་བྱའི་ཀླུང་རྟས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་གཞུག་མ་སྟེ་བརྒྱད་པ་ཡིན་ཞིང་། རྡེའུ་དེས་སྐེ་རྒྱན་འཕྲུལ་མིག་བོལ་མ་བོལ་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུ་ལ་དཀར་པོ་བྱུང་ན་མ་བོལ་བས་བཟང་། ནག་པ་བྱུང་ན་བོལ་བས་མ་ཕྱི་རྒན་རིམ་ལ་ངན། གལ་སྲིད་བརྩི་བྱ་མེ་སྟག་ལོ་མ་ཞིག་རང་ལོ་བཅུ་བདུན་ལ་སོན་དུས་དེར་རྩིས་འདི་བསྐོར་བར་ཆ་བཞག་ན། ལོ་རྟགས་སྟག་ཕོ་ལོ་དང་དབང་ཁམས་མེ་དགྲ་ཆུ་ཡིན་པས་ཆུ་འབྲུག་སྐོར་འགོར་འཛིིན་དགོས། སྐོར་འགོ་དེ་ནས་གཡོན་བསྐོར་ལ་ལོ་གྲངས་བཅུ་བདུན་བགྲངས་ན་འབབ་པའི་ལོག་མེན་ལྟ་བུ་དེ་མེ་བྱི་ཡིན་པས། མེ་བྱི་ནི་ཡར་དང་མར་ལ་བགྲངས་སའི་ལྟེ་བ་རྩིས་གཞི་ཡིན། རྩིས་གཞི་མེ་བྱིའི་ཡར་གྱི་བཞི་པ་ཆུ་བྱའི་སྲོག་ཁམས་ལྕགས་ལ་བརྩི་བྱའི་སྲོག་ཁམས་ཤིང་གིས་འཐབ་པའི་རྡེའུ་ནག་པས་འཕང་རའི་བལ་སྐུད་སྟོངས་པ་ལྟ་བུ་དང་། མར་གྱི་བཞི་བ་ས་མེ་ཡིས་འཐབ་པའི་རྡེའུ་ནག་པས་སྐེ་གཡུའི་བཀྲག་མདངས་ཡལ་བ་ལྟ་བུ། ཡར་གྱི་བཅུ་གཅིག་པ་མེ་སྟག་གི་དབང་ཁམས་མེ་ལ་བརྩི་བྱའི་དབང་ཁམས་མེ་ཡིས་འཐབ་པའི་རྡེའུ་ནག་པས་ཧ་ལོ་སད་ཀྱིས་ཁྱེར་བ་ལྟ་བུ། མར་གྱི་བཅུ་གཅིག་པ་མེ་ཁྱིའི་ཀླུང་ཁམས་ལྕགས་ལ་བརྩི་བྱའི་ཀླུང་ཁམས་ལྕགས་ཀྱིས་འཐབ་པའི་རྡེའུ་ནག་པོས་དངུལ་དཀར་མེ་ལོང་གི་མཐིལ་བརྡོལ་བ་ལྟ་བུ། ཡར་གྱི་བདུན་པ་ལྕགས་རྟའི་སྲོག་ཁམས་མེ་ལ་བརྩི་བྱའི་སྲོག་ཁམས་ཤིང་གིས་འཐབ་པའི་རྡེའུ་ནག་པས་དར་ཟབ་གོས་ཀྱི་མདངས་ཡལ་བ་ལྟ་བུ། མར་གྱི་བདུན་པ་ཆུ་རྟའི་ལུས་ཁམས་ཤིང་ལ་བརྩི་བའི་ལུས་ཁམས་མེ་ཡིས་འཐབ་པའི་རྡེའུ་དཀར་བས་གསེར་གཡུའི་མགོ་རྒྱན་མ་བྲལ་ལྟ་བུ། རྩིས་གཞི་མེ་བྱི་ཉིད་ཀྱི་དབང་ཁམས་མེ་ལ་བརྩི་བྱའི་དབང་ཁམས་མེ་ཡིས་འཐབ་པའི་རྡེའུ་ནག་པས་དུང་ཕྲེང་ཐག་པ་ཆད་པ་ལྟ་བུ། ཡང་རྩིས་གཞི་མེ་བྱིའི་ཀླུང་ཁམས་ཤིང་ལ་བརྩི་བའི་ཀླུང་ཁམས་ལྕགས་ཀྱིས་འཐབ་པའི་རྡེའུ་དཀར་བས་སྐེ་རྒྱན་འཕྲུལ་མིག་མ་བོར་བ་ལྟ་བུ་ཡིན།
Domain རྩིས་རིག

{{#arraymap:ན་ཆུང་བུ་མོའི་རྩིས་

|; |@@@ | | }}