32895

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནང་ཆེན་སྒྲུབ་དཔོན་ཀུན་བཟང་སྨིན་གྲོལ་ (1)
Part of speech མིང་ཚིག
Definition ནང་ཆེན་སྒྲུབ་དཔོན་ཀུན་བཟང་སྨིན་གྲོལ་ལམ་ཤེས་རབ་བློ་བཟང་ནི། མདོ་སྟོད་ནང་ཆེན་མདོ་ཁམས་གཞུང་དུ། རབ་བྱུང་བཅོ་ལྔ་པའི་ནང་དུ་འཁྲུངས། ཆུང་དུས་ནས་ནང་ཆེན་ཚེས་བཅུ་སྒར་དུ་ཚོགས་སྒྲིག་ལ་ཞུགས། ཆོ་ག་ཕྱག་ལེན་ལེགས་པར་བསླབས། དེལ་ཡག་ཟླ་སྤྲུལ་ལས་བསྙེན་པར་རྫོགས། སྒར་གྱི་སྒྲུབ་དཔོན་འཇམ་སྤྲུལ་བསྟན་པའི་རྒྱལ་མཚན་དང༌། བྱམས་མེ་ཆོས་དཔལ་ལས་དབང་ཁྲིད་འགའ་གསན། འབྲུ་མཁས་གྲུབ་འཇམ་དབྱངས་གྲགས་པའི་སྙན་པ་གསན་ཅིང༌། རྗེ་དེ་ལས་ཟབ་ལམ་ནཱ་རོ་ཆོས་དྲུག་སོགས་གསན་བཞེད་ཀྱིས། ནང་ཆེན་སྒར་གྱི་འདུ་ཁང་ནས་དབུ་བརྩམས་ནས་རྐྱང་ཕྱག་བཙལ་ཏེ་འབྲུ་ཡུལ་དུ་བྱོན། དེར་ཆོས་དྲུག ཕྱག་ཆེན། རྟེན་འབྲེལ་རབས་བདུན། རོ་སྙོམས་སྐོར་དྲུག་སོགས་གདམས་པ་དང༌། རྡོ་རྗེ་ལུས་ཀྱི་འཁྲུལ་འཁོར་བཅས་པ་གསན་སྦྱང་མཐར་ཕྱིན་པ་མཛད། སྤྱོད་འཇུག་སོགས་མདོ་སྔགས་ཀྱི་གཞུང་གཞན་ཡང་གསན་ཏེ་ཐུགས་སྲས་ཀྱི་ཐུ་བོར་གྱུར། ཤཱཀྱ་ཤྲཱིའི་དྲུང་དུ་གསོལ་སྡེར་ཁར་ཕེབས་ཏེ། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་སོགས་ཉམས་ཁྲིད་དུ་མ་གསན་བསམ་མཛད། ཕྱིས་གྲུབ་དབང་ཙ་རི་སྐྱིད་ཕུག་ཏུ་བཞུགས་སྐབས་ཀྱང་བཅར། གྲུབ་དབང་རིན་པོ་ཆེས་ཕྱག་གི་ཕུར་པས་རྦབ་གྱེན་ལ་ཟློག་པ་གཟིགས་ཤིང༌། བླ་མ་ལ་སངས་རྒྱས་དངོས་མཐོང་གི་དག་སྣང་མངའ། གྲུབ་དབང་གཤེགས་རྗེས་ཁམས་སུ་བྱོན། ནང་ཆེན་བླ་རྫོང་པདྨ་འོད་ཕུང་འཁྱིལ་བའི་སྒྲུབ་གནས་དང༌། དབེན་གནས་ཁྲ་ཆེན་གྱི་ཡང་དབེན་སོགས་སུ་དཀའ་སྤྱད་ཀྱིས་སྒྲུབ་པ་ཡུན་རིང་མཛད། ཁམས་སྤྲུལ་བརྒྱད་པའི་གཟིམ་དཔོན་ཡང་ལོ་གསུམ་མཛད་པས། གཟིམ་དཔོན་ཀུན་བཟང་སྨིན་གྲོལ་ཞེས་གྲགས། དེར་སྒྲུབ་གྲྭ་རྣམས་ལ་ཁྲིད་ལག་ལེན་གྱི་རྒྱུན་སྤེལ་བས་འགྲོ་དོན་ཆེ་བ་བྱུང༌། སླར་ནང་ཆེན་སྒར་གྱི་སྒྲུབ་སྡེ་ཟབ་གསལ་བདེ་ཆེན་གླིང་གི་སྒྲུབ་དཔོན་དུ་ཕེབས། ཨ་ལྡེའུ་བརྒྱད་པ་སོགས་ལ་གདམས་ངག་བཀའ་རྒྱ་ཅན་ལྔ་སྨར་ཁྲིད་དུ་གནང་བས། སྒྲུབ་བརྒྱུད་འདི་ལ་བཀའ་དྲིན་གཞལ་དུ་མེད་པའི་གནས་སུ་གྱུར། སྐུ་འདའ་ཁར། སྐྱབས་རྗེ་ཨ་ལྡེའུ་བརྒྱད་པར་རྗེ་མི་ལའི་སྐུ་བྱིན་ཅན་སོགས་བསྩལ་ཏེ། དོན་བརྒྱུད་བསྟན་པ་འདི་ཁྱོད་ཀྱིས་འཛིན་དགོས་ཞེས་བརྒྱུད་པའི་བཀའ་སྲོལ་གཏད་ཅིང༌། ད་ནི་ང་ན་ཚོད་རྗེ་རྒོད་ཚང་པ་ལས་ཀྱང་མཐོ་བར་འདུག་སོགས་ཞལ་ཏ་གནང༌། སྨད་དཔྱད་རིམ་གྲོ་མཛད་པར་ཞུས་ཀྱང་མ་གསན་པར། རབ་བྱུང་བཅུ་དྲུག་པའི་ལྕགས་ཡོས་ ༡༩༥༡ ལོའི་ཟླ་བ་དྲུག་པའི་ཚེས་བཅུ་བཞིའི་ནུབ་མོར། སྒྲུབ་གྲྭ་རྣམས་སྐུ་མདུན་ལ་བོས་ཏེ། རྒྱལ་དབང་རྗེས་མཛད་པའི་ཕྱག་ཆེན་བརྒྱུད་འདེབས་ངེས་དོན་དཔའ་བོའི་རྒྱང་གླུ་དེ་ཐོན་ཤོག་གསུངས། བཏོན་པའི་མཇུག་ཏུ་སྐུ་དྲང་པོར་བསྲངས་ནས་ཞི་བར་གཤེགས་སོ། །གདུང་ཞུགས་ལ་ཕུལ་བས་ཐུགས་རིལ་པོ་མ་ཚིག་ཅིང༌། རིང་བསྲེལ་མང་པོ་འཕེལ་བ་རྣམས་ནང་ཆེན་སྒར་དུ་གསེར་གདུང་བཞེངས་པའི་ནང་དུ་བཞུགས། སློབ་མའི་གཙོ་བོ་ཨ་ལྡེའུ་བརྒྱད་པ། མདོ་ཁམས་བརྒྱད་པ། སྒྲུབ་བླ་བློ་བཟང་ཆོས་རྒྱལ། སྒྲུབ་བརྩོན་ཟླ་བ་བཟང་པོ། ཡང་དབེན་མཁན་སྤྲུལ། སྒྲུབ་པོ་ངག་དབང་ཀུན་བཟང༌། ངག་དབང་དཔལ་འབྱོར། ཁྲ་ཆེན་དབེན་རིའི་རྟོགས་ལྡན་བསྟན་འཛིན་འགྱུར་མེད་སོགས་ཡིན་ནོ། །

{{#arraymap:ནང་ཆེན་སྒྲུབ་དཔོན་ཀུན་བཟང་སྨིན་གྲོལ་

|; |@@@ | | }}