34104

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནུབ་དགོན་སྨོན་ལམ་དཔལ་འབྱོར་གླིང་ཁམས་གོ་འཇོ་ (1)
Part of speech མིང་ཚིག
Definition ད་ལྟའི་གནས་ཡུལ་བོད་མདོ་ཁམས། གོ་འཇོ། དཔའ་ལའི་ལྡིང་འོག་སེན་རེས་ཤོག་བཞིའི་ཡ་གྱལ་མགར་སྟོང་གྲོང་ཚོའི་ཕུར། ནུབ་རི་སྦས་གནས་དོམ་ཚང་རོང་དུ་ཆགས་ཡོད། ཁམས་སྤྲུལ་དང་པོ་ཀརྨ་བསྟན་འཕེལ་གྱི་དངོས་སློབ། རྒྱ་མཚོའི་མིང་ཅན་དགུའི་ཡ་གྱལ་ཆོས་རྒྱལ་བསོད་ནམས་རྒྱ་མཚོས་ཕྱག་བཏབ་པ་ནས་ད་བར། ལོ་ངོ་བཞི་བརྒྱ་ལྷག་གི་ལོ་རྒྱུས་ལྡན། མདོ་ཁམས་པ་ཀརྨ་བསྟན་འཕེལ་གྱི་འཁོར་འབྱེད་དང་པོའི་སྐབས་ཀྱི་སློབ་ཆེན་ཞིག་ཡིན། (ཁམས་སྤྲུལ་དང་པོའི་ ༡༥༦༩-༡༦༣༧ འཁྲུངས་འདས། ) མདོ་ཁམས་པས། ཁྱོད་ནི་ང་རྩར་མ་འདུག་འགྲོ་དོན་སྐྱོངས། །ང་དང་འདུ་འབྲལ་མེད་པས་གསོལ་བ་ཐོབ། །འདི་ནས་ཉེ་རིང་འཚམས་པ་ཤར་གྱི་ཕྱོགས། །དྭངས་གསལ་བདུད་རྩིའི་མཚོ་ལས་དུང་ཐོན་འདྲའི། །ངོ་མཚར་དཔལ་གྱི་རི་ལ་དགོན་སྡེ་ཐོབས། །ཕྱག་ཆེན་ཆུ་བོའི་རྒྱུན་བཞིན་ཉམས་ལེན་སྐྱོངས། །ཞེས་ལུང་བསྟན་པ་ལྟར། ནུབ་རི་གནས་ཆེན་དོམ་ཚོང་རོང་དཔལ་རི་པདྨ་འོད་ཞིང་བྲག་རི་དཀར་པོ་སེངྒེ་གནམ་དུ་འཆོང་པ་ལྟ་བུའམ། རི་བོ་ཕྱག་རྒྱ་བསྣོལ་ཅན་གྱི་ཐོད་སྟེང་དུ། རབ་བྱུང་བཅུ་པའི་སྟོད་ཙམ་དུ་དགོན་ཕྱག་བཏབ། སློབ་ཚོགས་མང་དུ་འདུས་པ་རྣམས་དབང་དང་གདམས་ངག་གིས་སྨིན་པར་མཛད། སྐུ་ཕྲེང་གཉིས་པ། བསོད་ནམས་ཆོས་ལྡན། གསུམ་པ། བསྟན་འཕེལ་རྒྱ་མཚོ། བཞི་པ། རིན་ཆེན་རྣམ་པར་རྒྱལ་བ། ལྔ་པ། ཆོས་རྒྱལ་སྐལ་ལྡན་བློ་བཟང་། དྲུག་པ། འཇམ་དཔལ་ཆོས་ཀྱི་རྒྱལ་པོ། བདུན་པ། བསྟན་འཛིན་གྲུབ་པའི་རྡོ་རྗེ། བརྒྱད་པ་ད་ལྟ་འཚོ་བཞིན་བཞུགས་པ་ངག་དབང་ཆོས་རྒྱལ་འཇིགས་མེད་བསོད་ནམས་རྒྱ་མཚོ་བཅས། སྐུ་ཕྲེང་བརྒྱད་དུ་ཕེབས་པ་རྣམས། གདན་ས་འདི་ཉིད་དུ་བཞུགས། གཞན་ཡང་དམ་ཆོས་མཆོག་སྤྲུལ་སྐུ་ཕྲེང་གསུམ། སྤྲུལ་སྐུ་ཤེས་རབ་ཆོས་འབྱོར་སྐུ་ཕྲེང་གསུམ་བཅས། མཁན་པོ་ལེགས་བཤད་ཆོས་དར་བཅས་གྲྭ་ཚང་རྒྱས་སྐབས་དྲུག་ཅུ་ནས། ཉུང་སྐབས་སུམ་ཅུའི་བར་རྒྱུན་མ་ཆད་པར་ཡོད་འདུག སྐུ་རྟེན། གཙོ་བོ་ཐུབ་སྐུ་གཞིས་དགའ་མ་གཙོས་ལི་མ་དང། གཏེར་མ། གསེར་ཟངས་ལས་གྲུབ་པ་སོགས་སྐུ་ཆེ་ཆུང་ཆིག་བརྒྱ་ལྔ་བཅུ་ཙམ་དང་། རང་ལུགས་བླ་བརྒྱུད། གུ་རུའི་བཀའ་ཐང་། ཐུབ་པའི་མཛད་བཅུ་སོགས་ཀྱིས་མཚོན་ཞལ་ཐང་ཉིས་བརྒྱ་ལྷག་ཙམ་དང་། གསུང་རྟེན། རང་ལུགས་བླ་བརྒྱུད་ཁག་གི་གསུང་འབུམ་དང་སྒྲུབ་ཐོབ་སྣ་ཚོགས་པའི་འདོན་ཆ། རྒྱལ་བའི་བཀའ་འགྱུར་དང་། གསེར་དངུལ་གྱི་འབུམ་བྲིས་མ་སོགས་པོད་ལྔ་བརྒྱ་ལས་ཉེ་བ་དང། ཐུགས་རྟེན་ལི་མའི་བཀའ་དམ་མཆོད་རྟེན་དང་། ཆོས་རྒྱལ་རིམ་བྱོན་གྱི་གསེར་གདུང་དང་། གསེར་ཟངས་ཀྱི་སྐུ་གདུང་ཆ་བརྒྱད་ཐོག་རྩེག་ཅན་དང་། གཞན་ཡང་མཆོད་རྟེན་ཆེ་ཆུང་སྣ་མང་། མ་དགོན་ཁམས་སྒར་ནང་བཞིན་པའི་སྒྱུབ་མཆོད་ཁག་བཅས་ལོ་ལྟར་ཆགས་མེད་དང་། རྒྱ་ནག་གི་དུས་འགྱུར་སྐབས་དགོན་པ་སྤྱི་མཚུངས་བཞིན་མིང་ཙམ་ལས་ཞིག་རལ་དུ་སོང་ནས་༡༩༨༣ ནས་དགོན་རྙིང་དེ་གར་བསྐྱར་གསོ་གནང་ཞིང་། ༢༠༠༧ ལོར་དགོན་པའི་ལུང་མདར། གསེར་གཞོང་མགོར། སྤོ་བཞུགས་གནང་ནས་ད་ལྟ་རྟེན་བརྟེན་པ་དང་བཅས་གསར་བཞེངས་གནང་ཞིང་གྲྭ་ཚང་ལྔ་བཅུ་ཙམ་ཡོད་འདུག

{{#arraymap:ནུབ་དགོན་སྨོན་ལམ་དཔལ་འབྱོར་གླིང་ཁམས་གོ་འཇོ་

|; |@@@ | | }}