34940

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
པཎ་ཆེན་བསོད་ནམས་གྲགས་པ་ (1)
Part of speech མིང་ཚིག
Definition རབ་བྱུང་བརྒྱད་པའི་ས་ཁྱི་ཕྱི་ལོ ༡༤༧༨ ལོར་ལྷོ་ཁ་རྩེད་ཐང་དུ་ནང་པར་ལམ་པའི་སྲས་སུ་འཁྲུངས། ཆུང་དུས་ནས་རྩེད་ཐང་དགོན་པའི་ཆོས་གྲྭར་ཞུགས། ཡི་གེའི་འབྲི་ཀློག་སོགས་ལ་སྦྱངས། ཆེན་པོ་བསོད་ནམས་བཀྲ་ཤིས་ལས་རབ་ཏུ་བྱུང་། མཚན་ལ་བསོད་ནམས་གྲགས་པ་ཞེས་གསོལ། གསང་ཕུར་སློབ་གཉེར་མཛད། བཅུ་དྲུག་པ་ནས་སེ་ར་ཐེག་ཆེན་གླིང་དུ་ཕེབས། ཀུན་མཁྱེན་དོན་ཡོད་དཔལ་ལྡན་དང་། གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ། ཐོན་པ་མཁས་བཙུན་ཡོན་ཏན་རྒྱ་མཚོ་བཅས་ལོ་བཅུ་གཉིས་རིང་བླ་མར་བསྟེན། གཞུང་བཀའ་པོད་ལྔར་དཔྱིས་ཕྱིན་པར་སྦྱངས། ཉི་ཤུ་པར་འོད་སྣའི་བླ་མ་སངས་རྒྱས་བཟང་པོ་དང་། རིན་ཆེན་ཆོས་བཟང་གཉིས་ལས་དགེ་ཚུལ་སློང་གི་སྡོམ་པ་མནོས། ཉེར་བདུན་པར་རྒྱུད་སྟོད་གྲྭ་ཚང་དུ་ཞུགས། སློབ་དཔོན་ཆོས་ལྡན་བློ་གྲོས་ལོ་ངོ་གསུམ་རིང་བླ་མར་བསྟེན། གསང་སྔགས་གཞུང་ལ་སྦྱངས། རྒྱུད་སྡེ་སྤྱིའི་རྣམ་བཤད་ཀྱང་བརྩམས། སོ་བཞི་པར་རྒྱུད་སྟོད་གྲྭ་ཚང་གི་སློབ་དཔོན་གྱི་ཁྲིར་ཕེབས། རྒྱུད་ཀྱི་འཆད་ཉན་ལོ་བཅུ་བཞིའི་རིང་གནང་། སོ་དྲུག་པར་གསང་བ་འདུས་པའི་བསྐྱེད་རྫོགས་གཉིས་ཀའི་ཊིཀ་ཆེན་བརྩམས་། དེའི་འཆད་ཉན་ཡང་ཚུགས། ཞེ་བདུན་པར་འབྲས་སྤུངས་བློ་གསལ་གླིང་གི་མཁན་པོ་ལོ་དྲུག་རིང་མཛད། ང་གཉིས་པར་དགའ་ལྡན་གསེར་ཁྲིར་ཕེབས། ལོ་བདུན་རིང་མདོ་སྔགས་ཀྱི་འཆད་ཉན་མཛད། ང་བརྒྱད་པར་ཁྲི་ཟུར་རྗེས་འབྲས་སྤུངས་ཀྱི་ཁྲིར་ཕེབས། ཉི་སྡིངས། འོད་སྣང་། ཆོས་སྡེ་རིན་ཆེན་གླིང་སོགས་ཞལ་འཛིན་མཁན་པོ་མཛད་པ། རྒྱལ་བ་བསོད་ནམས་རྒྱ་མཚོའི་གཙུག་ཕུད་བཞེས་ནས་མཚན་གསོལ། དགའ་ལྡན་ཁྲི་ཐོག་བཅོ་ལྔ་པ་ཡིན། རྒྱུད་སྟོད་མཁན་ཐོག་བཞི་པའི་ཁྲིར་བཞུགས། དོན་བདུན་པ་རབ་བྱུང་དགུ་པའི་ཤིང་སྟག་ཕྱི་ལོ ༡༥༥༤ ལོར་འབྲས་སྤུངས་སུ་སྐུ་གཤེགས། གསུང་རྩོམ་ནི་ཕར་ཕྱིན་སྤྱི་དོན་ཡུམ་དོན་གསལ་བའི་སྒྲོན་མེ། ཕར་ཕྱིན་མཐའ་དཔྱོད་ཡུམ་དོན་ཡང་གསལ་སྒྲོན་མེ། དབུ་མའི་སྤྱི་དོན་ཟབ་དོན་གསལ་བའི་སྒྲོན་མེ། བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན། འདུལ་བའི་སྤྱི་དོན་ལུང་རིགས་ཉི་མ། མཛོད་ཀྱི་སྤྱི་དོན་ཤེས་བྱ་རབ་གསལ། རྣམ་འགྲེལ་དགོངས་པ་རབ་གསལ། འདུལ་བའི་ཆོས་འབྱུང༌། བསྟན་རྩིས་རིན་ཆེན་ཕྲེང་བ། དེབ་ཐེར་དམར་པོ་གསར་མ། དགེ་ལྡན་ལེགས་བཤད་པདྨ་དཀར་པོའི་ཆུན་པོ་སོགས་ཆོས་ཚན་བཅུ་བཞི་བཞུགས།

{{#arraymap:པཎ་ཆེན་བསོད་ནམས་གྲགས་པ་

|; |@@@ | | }}