34946

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
པཎ་ཆེན་བློ་བཟང་བསྟན་པའི་ཉི་མ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་ཆུ་སྟག་ཕྱི་ལོ ༡༧༨༢ ལོར་གཙང་ཉང་སྨད་པ་ནམ་གྱི་ཡུལ་དུ་ཡབ་དཔལ་ལྡན་དོན་གྲུབ་དང་། ཡུམ་འཆི་མེད་རྒྱལ་མོ་གཉིས་ཀྱི་སྲས་སུ་འཁྲུངས། རྒྱལ་བ་འཇམ་དཔལ་རྒྱ་མཚོ་དང་། ལ་མོ་ཆོས་སྐྱོང་གཉིས་ཀྱིས་པཎ་ཆེན་གོང་མའི་ཡང་སྲིད་དུ་ངོས་བཟུང་། དགུང་ལོ་གཉིས་པར་དགའ་ལྡན་ལེགས་བཤད་ཆོས་གླིང་དུ་གདན་དྲངས། བཞི་པར་བཀྲ་ཤིས་ལྷུན་པོར་གདན་དྲངས། བརྒྱད་པར་རྒྱལ་བ་འཇམ་དཔལ་རྒྱ་མཚོ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་ལ་རྗེ་བཙུན་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཞེས་གསོལ། བཅུ་པར་གོརྵ་བས་དུས་ཟིང་ལ་ཉེན་ཡོལ་དུ་དབུས་སུ་ཕེབས། མདོ་སྔགས་གཉིས་ལ་གསན་སྦྱོང་མཛད། མཁྱེན་རབ་འགྲན་ཟླ་བྲལ་བའི་གྲགས་པ་ཐོབ། བཅུ་དགུ་བར་རྒྱལ་བ་འཇམ་དཔལ་རྒྱ་མཚོ་ལས་བསྙེན་པར་རྫོགས། ཞེ་གསུམ་པར་གཞིས་རྩེར་བཀྲ་ཤིས་ཀུན་སྐྱོབ་གླིང་གི་གཙུག་ལག་ཁང་བཞེངས། ཞེ་དགུ་བར་བདེ་ཆེན་ཀུན་བཟང་ཕོ་བྲང་ཕྱག་བཏབ། རེ་གཉིས་པ་ཕྱི་ལོ ༡༨༤༤ ལོར་སྲིད་སྐྱོང་གི་འགན་ཁུར། རེ་བདུན་པར་འབྲས་འབྲུག་གཡུལ་འཁྲུག་ལ་ཉེ་སྟབས་འབྲུག་སྡེ་སྲིད་དང་། འབྲས་ལྗོངས་རྒྱལ་པོ་བཅས་ལ་ཞི་འཇགས་བཀའ་ཡིག་བཅས་རྫོང་བདའ་བཏང། ཕན་ཚུན་ཚང་མས་བཀའ་དོན་སྤྱི་འཁུར་དུ་བླངས། ཕྱི་ལོ ༡༧༨༨ ནས་ ༡༨༥༤ བར་བཀྲ་ཤིས་ལྷུན་པོའི་ཁྲི་པ་ལོ་རེ་དྲུག་རིང་མཛད། རབ་བྱུང་བཅུ་བཞི་པའི་ཆུ་གླང་ཕྱི་ལོ ༡༨༥༣ ལོར་སྐུ་གཤེགས། པཎ་ཆེན་ཨེར་ཏི་ནིའི་སྐུ་ཕྲེང་བདུན་པ་ཡིན། སློབ་མ་གྲགས་ཆེ་བ་ནི་ཁལ་ཁ་རྗེ་བཙུན་དམ་པ་དང་། གྲུབ་པའི་དབང་ཕྱུག་ལྕང་སྐྱ་རིན་པོ་ཆེ། རྒྱལ་ཚབ་རྭ་སྒྲེང་རྡོ་རྗེ་འཆང་། ཕུར་ལྕོག་བྱམས་པ་རིན་པོ་ཆེ། སེང་ཆེན་བློ་བཟང་བསྟན་འཛིན། སྔགས་ཆེན་དཔལ་ལྡན་གྲགས་པ་བཅས་ཡིན། གསུང་རྩོམ་ནི་རྣམ་ཐར་དང་། འཁྲུངས་རབས། ཆབ་ཤོག དཀར་ཆག ཁྲིད་ཡིག སྒྲུབ་ཐབས། གསོལ་འདེབས། བླ་མའི་རྣལ་འབྱོར། ཐོབ་ཡིག་དྲིས་ལན། བཅའ་ཡིག ཤིས་བརྗོད་བཅས་པོ་ཏི་དགུ་བཞུགས།

{{#arraymap:པཎ་ཆེན་བློ་བཟང་བསྟན་པའི་ཉི་མ་

|; |@@@ | | }}