35063

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
པད་སྙིང་མཁན་རབས་དང་པོ་འཇམ་དཔལ་བཟང་པོ་ (1)
Part of speech མིང་ཚིག
Definition ཡ་དིང་འབྲོག་སྡེར། ཕྱི་ཁུད་ཚ་དགའ་ཞེས་པའི་རིགས་རུས་སུ་རབ་བྱུང་བཅོ་ལྔ་པའི་མེ་གླང་ ༡༨༧༧ ལོར་འཁྲུངས། དགུང་ལོ་བཅུ་བདུན་བར་ཁྱིམ་དུ་བཞུགས་རྗེས་དགྲ་འདུལ་གཉེན་སྐྱོང་གི་བྱ་བ་ལ་ཡིད་འབྱུང་ནས། རྫོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་གླིང་དུ་བྱོན། མཁན་ཆེན་གཞན་དགའ་རིན་པོ་ཆེ་ལ་ལོ་བཅུ་གྲངས་རིང་ཚུལ་བཞིན་བསྟེན་ཏེ། གཞུང་ཆེན་བཅུ་གསུམ། སྡོམ་གསུམ། གསང་སྙིང༌། རྫོགས་ཆེན་སྐོར་སོགས་གསན་བསམ་མཐར་ཕྱིན་མཛད་པས་ཐུགས་ཟིན་གྱི་སློབ་མའི་ཐུ་བོར་གྱུར། མཁས་གྲུབ་ཆེན་པོ་འབྲུ་འཇམ་དབྱངས་གྲགས་པ་དང༌། ཁམས་སྤྲུལ་བདུན་པ་སངས་རྒྱས་བསྟན་འཛིན་ལས་རང་ལུགས་སྨིན་གྲོལ་ཚང་རྫོགས་སུ་གསན། དབེན་པའི་རི་བོ་རྣམས་སུ་ཐོས་དོན་ཉམས་བཞེས་ཀྱང་མཛད་པས་སྡོམ་གསུམ་སྡེ་སྣོད་འཛིན་པའི་རྒྱལ་པོར་བཞུགས། དགུང་ལོ་ང་བཞིར་ཕེབས་པའི་ལྕགས་རྟ་ལོར་པད་སྙིང་དགོན་དུ་བཤད་གྲྭའི་མཁན་པོ་མཛད་དེ། ཀུན་མཁྱེན་པདྨ་དཀར་པོའི་མདོ་སྔགས་གཞུང་འགྲེལ་དང་རྒྱ་གཞུང་བཅུ་གསུམ་སྦྲགས་ཤིང༌། ཞར་བྱུང་རིག་གནས་བཅས་ལོ་མང་པོར་འཆད་ཉན་མཛད་པས། སློབ་མ་མཁས་པ་མང་པོ་ཐོན། དེ་བཞིན་པད་སྙིང་སྒྲུབ་སྡེ་ལའང་ཟབ་ཁྲིད་སྨར་པོར་གནང་ནས་སྐལ་ལྡན་དུ་མ་རྗེས་བཟུང༌། ཕྱིས་བྱོན་པད་སྙིང་དགོན་གྱི་མཁན་སྤྲུལ་སྒྲུབ་བླ་ཕལ་ཆེ་བ་རྗེ་འདིའི་སློབ་གྲས་སུ་གཏོགས། སྐུ་ཚེ་སྨད་པད་སྙིང་དགོན་གྱི་ལྷོ་ནུབ་མཚམས། སྐྱེད་ཚལ་གྱི་གླིང་ག་དེར་བཞུགས་ཏེ། ཕྱག་རྫོགས་གྱི་བཀའ་ཁྲིད་བར་མེད་དུ་གནང་བས་རིས་སུ་མ་ཆད་པའི་སློབ་མ་གྲངས་ལས་འདས་པ་སྨིན་ཅིང་གྲོལ་བའི་ལམ་ལ་བཀོད། ཕྱིས་གདན་ས་དེར་འཇམ་བཟང་གླིང་དུ་གྲགས། ལྷག་པའི་ལྷས་ཞལ་བསྟན་པ་དང་མངོན་ཤེས་སོགས་གྲུབ་པའི་རྟགས་མང་པོ་མངའ། མཐར་དགུང་གྲངས་བདུན་ཅུའི་ནང་ཙམ་ལ་གཤེགས་སོ། །སློབ་མ་ནི་པད་སྤྲུལ་བདུན་པ་ཐུབ་བསྟན་ཕྲིན་ལས་རྒྱ་མཚོ། ཆུ་ངོགས་པད་དཀར་བདུན་པ་མི་ཕམ་ཚེ་དབང་མཆོག་གྲུབ། མ་དགོན་མཁར་དམར་སྤྲུལ་སྐུ། ཀཿཐོག་མཁན་པོ་རིག་འཛིན་བཟང་པོ། ཞེ་ཆེན་མཁན་པོ་གང་ཤར་དབང་པོ། ར་སྐོར་མཁན་པོ་བཀའ་ཆོས། པད་སྙིང་མཁན་པོ་ཨ་ཁྱུང༌། ཟླ་བ་དཀར་རྒྱས་སོགས་ཡིན་ནོ། །

{{#arraymap:པད་སྙིང་མཁན་རབས་དང་པོ་འཇམ་དཔལ་བཟང་པོ་

|; |@@@ | | }}