37094

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕུག་པ་ཚུལ་ཁྲིམས་ཡེ་ཤེས་ (1)
Part of speech མིང་ཚིག
Definition རྒྱལ་སྲས་ལྷ་པ་ཚུལ་ཁྲིམས་ཀྱི་རུས་དབོན་ཏེ། བྱིས་པའི་དུས་ནས་འཇིག་རྟེན་གྱི་བྱ་བ་ལ་བློ་མི་འཇུག །ཆུང་ངུའི་དུས་ནས་སློབ་གཉེར་མང་དུ་མཁྱེན། སྒོམ་སྡེའི་ཆོས་སྤྱོད་རྣམས་བློ་ལ་བཟུང་ཞིང་དེ་དག་འབད་དེ་མཁས་པར་མཛད། དེ་ནས་དགུང་ལོ་བདུན་པར་རྒྱལ་སྲས་ལྷ་པ་རིན་པོ་ཆེའི་མདུན་ལ་རབ་ཏུ་བྱུང༌། མཚན་ཚུལ་ཁྲིམས་ཡེ་ཤེས་སུ་གསོལ། བདེ་མཆོག་དང་ཀྱེ་རྡོར་སོགས་ཀྱི་དབང་བསྐུར་རྣམས་ཞུས། གསང་མཚན་ཆོས་དབྱིངས་རྡོ་རྗེ་བཏགས། ཆོས་དྲུག་དང་ཕྱག་ཆེན་སོགས་ཀྱི་གདམས་ཁྲིད་ཞུས་ནས་བསྒོམ་པས་གོ་ཉམས་བཟང་པོ་འཁྲུངས། དེ་ནས་སྒ་སྟོད་གནམ་ལུང་གི་ར་འོག་ཕུག་ (འདི་ནི་ད་ལྟ་ཡུལ་ཤུལ་རྫོང་ཨ་འཁྲོ་ཤང་གི་མངའ་ཁུངས་གནམ་ཤེས་ཁོག་ཟེར་བའི་ལུང་པའི་ནང་ལ་གནམ་ལུང་ར་འོག་ཕུག་ཆེན་ཟེར་བ་ཞིག་འདུག་དེ་ལོ་རྒྱུས་རྙིང་པར་ཡོད་པའི་ས་ཆའི་མིང་དང་ས་ཕྱོགས་བཅས་འགྲིགས་པོ་འདུག་པས་ཨེ་ཡིན་སྙམ)བྱ་བར་སྔོན་གཙང་པ་མི་བདུན་སོགས་གྲུབ་པ་ཐོབ་པའི་གནས་དེ་ཉིད་དུ་དགུང་ལོ་དགུ་ནས་བཅོ་བརྒྱད་བར་འདག་ཆར་མཛད། མཁྱེན་རྟོགས་ཡོན་ཏན་གྱི་རྩལ་རྫོགས། གྲུབ་པའི་སྙན་པ་ཕྱོགས་ཐམས་ཅད་དུ་ཁྱབ་ཅིང་སློབ་དཔོན་ཕུག་པར་གྲགས། དེ་ནས་འབྲེ་མདའི་མི་སྡེ་རྣམས་ཆོས་དང་དབང་ཁྲིད་ཀྱིས་ཚིམ་པར་མཛད་ནས་རྩི་ཆུའི་ཚུར་ཁར་བྱོན། རོ་ལོ་ཁར་བན་རྒན་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར། མི་སྡེ་རྣམས་ལ་དབང་ཁྲིད་མཛད་ནས། སླར་རོ་ལོ་ཕུག་ཏུ་ལོ་བཅུ་གཅིག་ལ་འདག་སྦྱར་ལ་བཞུགས། དེ་ནས་ཁ་རོང་འཇའ་མོས་གདན་དྲངས་རྩི་པ་རྣམས་དབང་ཁྲིད་ཀྱི་ཚིམ་པར་མཛད། ཀོ་མཛོའི་ཕུག་ཏུ་བཞུགས་ནས་འབལ་སེར་བཙན་གསུམ། ནག་གསང་ཚོ་བརྒྱད། བྲོས་པ་ཤ་ད་སོགས་རྩི་ཟླ་བར་གྱི་འགྲོ་མང་སྨིན་གྲོལ་ལམ་ལ་བཀོད། དེ་ནས་ཀིལ་སྣའི་གདན་སར་བྱོན། དགེ་འདུན་པ་རྣམས་ལ་ཞལ་ཏ་ཞིབ་ཏུ་མཛད་ནས་དགུང་གྲངས་དྲུག་ཅུ་རྩ་གསུམ་ལ་སྐུ་གཤེགས། (འཁྲུངས་འདས་མི་གསལ)རབ་བྱུང་བཞི་པའི་ནང་ཙམ་ལ་བྱོན། གདུང་དང་རིང་བསྲེལ་དཔག་མེད་བྱོན། བུ་ཆེན་བྱོན་ཚུལ་ལ་དབོན་ཚུལ་ཁྲིམས་རྒྱལ་མཚན། རྟོགས་ལྡན་གཞོན་ནུ་འབྱུང་གནས། ཀུན་དགའ་ཚུལ་ཁྲིམས། སངས་རྒྱས་མཐའ་ལྟོས། སེར་ཡེ་རས་པ། གུང་པ་རྣལ་འབྱོར་སོགས་མང་དུ་བྱོན། རི་དགོན་བཅོ་བརྒྱད་དུ་གྲགས་པའི་ནང་གི་ཕུག་པ་བཀའ་བརྒྱུད་ཀྱི་བླ་མ་དང་པོ་དེ་ཡིན།

{{#arraymap:ཕུག་པ་ཚུལ་ཁྲིམས་ཡེ་ཤེས་

|; |@@@ | | }}