3748

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁམས་སྤྲུལ་གསུམ་པ་ཀུན་དགའ་བསྟན་འཛིན་ (1)
Part of speech མིང་ཚིག
Definition ཁམས་སྤྲུལ་གསུམ་པ་ངག་དབང་ཀུན་དགའ་བསྟན་འཛིན་ནམ་ཐུགས་ཀྱི་རྡོ་རྗེ་མཆོག་ནི། དབུས་འཆིང་རུ་བདེ་སྐྱིད་གླིང་དུ། ཡབ་རྡོ་རྗེ་དབང་ཕྱུག་དང༌། ཡུམ་དམ་ཆོས་དབང་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ལྕགས་སྤྲེལ་ ༡༦༨༠ ལོར་སྐུ་བལྟམས། བཀའ་སྲུང་དགེ་བསྙེན་ཆེན་པོས་བསྐུལ་བ་ལྟར། མཐུ་ཆེན་གསུམ་པ་མི་ཕམ་ཆོས་ཀྱི་དབང་ཕྱུག་ནས་ངོས་འཛིན་མཛད། མཚན་ངག་དབང་ཀུན་དགའ་བསྟན་འཛིན་དུ་གསོལ། གཏེར་ལུང་འགར་ཨོ་རྒྱན་གྱི་སྤྲུལ་པར་གསུང༌། དགུང་ལོ་གཉིས་ནས་མནལ་ལམ་དུ་པདྨ་འབྱུང་གནས་མཇལ་ཏེ་བྱིན་གྱིས་བརླབས། དགུང་ལོ་བཞི་པ་ལ་རྗེ་ཆོས་ཀྱི་དབང་ཕྱུག་ལས། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་གསན་སྐབས། ཁྲིད་གཉེར་སངས་རྒྱས་དམ་ཆོས་ཀྱིས་ལུས་གནད་བསླབས་པ་ཙམ་གྱིས་གཉུག་མའི་གནས་ལུགས་གཟིགས་པས། ཕྱིས་ཞལ་ནས། སེམས་གནས་ལུགས་ལོ་བཞིའི་དུས་ནས་རྟོགས། །ཞེས་གསུངས། རྗེ་དེ་ལས་བསྙེན་པར་རྫོགས་ཤིང༌། རྒྱུད་སྡེ་བཞིའི་དབང་རྗེས་གནང༌། ཕྱག་ཆེན་གྱི་ཁྲིད། རྒྱལ་བཀའི་ལུང་སོགས་སྨིན་གྲོལ་རྒྱབ་རྟེན་མཐའ་ཡས་པ་གསན། ཡོངས་འཛིན་ཆོས་རྒྱལ་དཔལ་བཟང་། མཁས་གྲུབ་ཡར་འཕེལ་དབང་པོ། སྒམ་པོ་བ་བཟང་པོ་རྡོ་རྗེ། སྨིན་གླིང་གཏེར་བདག་གླིང་པ། ལོ་ཆེན་དྷརྨ་ཤྲཱི། མཁས་དབང་འཇམ་དབྱངས་གྲགས་པ། ཁྲོ་ཕུའི་ལོ་ཙཱ་བ་ངག་དབང་བསྟན་འཛིན་དབང་པོ་སོགས་ལས། དབང་ལུང་ཁྲིད་མན་ངག་སོགས་གསན་བསམ་མཛད་ཅིང་། བོད་སྟོད་སྨད་ཀྱི་ས་ཆ་མང་པོར་ཞབས་ཀྱིས་བཅགས། ཁྱད་པར་དགུང་ལོ་སོ་གཅིག་པ་ན་གྲྭ་ཕལ་ཆེར་འཁོར་འགྱེད་བཏང་ཞིང༌། རྫ་རྒྱུད་གཏེར་དཔེའི་མགོར་ཟླ་བ་བཅུ་ཙམ་དང༌། ཟླ་རྒྱལ་གོ་ཆེན་ཕུག་ཏུ། ལྕགས་ཡོས་ནས་རྟ་ལོའི་བར་ཕལ་ཆེར་སྐུ་མཚམས་ཁོ་ནར་བཞུགས་ཤིང༌། གུ་རུའི་གསོལ་བསྙེན་ལ་ཆིག་དྲིལ་གནང་བས། སྤྱིར་དག་གཟིགས་བསམ་གྱིས་མི་ཁྱབ་པ་དང་ཁྱད་པར་དུ་འགྲོ་དོན་དུས་ལ་བབ་པའི་ལུང་བསྟན་གནང་བ་ལྟར། སྐུ་མཚམས་གྲོལ་ནས་གྲྭ་སློབ་འཁོར་ཚོགས་བསྡུས་ཤིང༌། གུ་རུ་འབུམ་ལྔའི་བསྟན་རིམ་ཆེན་མོ་དང༌། ཞལ་གཟིགས་ཇི་བཞིན་སྤྲོས་བཅས་ཚེས་བཅུའི་སྒྲུབ་མཆོད་ས་ཆ་དུ་མར་བཙུགས། སྐུ་ཚེ་སྨད་ལ་ལྷ་ཐོག་རྒྱལ་པོ་ནས་གསོལ་བཏབ་ངོར། དཀར་མོ་རི་ཁུག་ཏུ་གདན་སའི་དང་པོ་ཕྱག་བཏབ། གསེར་ཟངས་ཀྱི་སངས་རྒྱས་སྟོང་སྐུ་རྗེ་ཉིད་ཀྱི་ཕྱག་མཐོའི་མཐོ་ཚད་ཅན་སོགས་རྟེན་གསུམ་དཔག་མེད་གསར་བཞེངས་དང༌། བཀའ་འབུམ་པུ་ཏི་བཅུ་དྲུག་བཅུ་བདུན་ཙམ་བཞུགས་པ་སྟེ། མཛད་རྗེས་ཕྱོགས་རེར་མཇལ་ན་འདི་ཁོ་ནར་སྐུ་ཚེ་ཧྲིལ་པོར་གནང་ནའང་མི་བཏུབ་སྙམ་པ་ལྟ་བུ་ཡོད། མཐར་དགུང་ལོ་ཞེ་དགུ་པ་ས་སྤྲེལ་ ༡༧༢༨ ལོའི་བོད་ཟླ་བཅུ་གཉིས་པའི་ཉི་ཤུ་གསུམ་གྱི་སྔ་ཆར་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏོ། །རྗེ་འདིའི་ཞལ་སློབ། རྟོགས་པ་རང་དང་མཉམ་པའི་ཨ་མཁར་བདེ་ཆེན་རྡོ་རྗེ་དང༌། ཐེ་རུ་གྲུབ་ཆེན་ཏེ། ཐུགས་སྲས་ཉི་ཟླ་ལྟ་བུ་གཉིས་གཙོ་བོ་དང༌། བླ་མ་ངག་དབང་ཆོས་རྒྱལ་རྒྱ་མཚོ། མཁས་གྲུབ་བསོད་ནམས་སྙིང་པོ། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཏེ། ཟབ་ཆོས་ཀྱི་མཛོད་འཛིན་རྣམ་གསུམ། བླ་མ་ངག་དབང་བདེ་ཆེན་སོགས་ཉེ་བའི་སྲས་བརྒྱད། བསྟན་འཕེལ་བླ་མ་ངག་དབང་འབྱུང་གནས་སོགས་མོས་གུས་མཐར་ཕྱིན་གྱི་བུ་བཞི་སོགས་ཁམས་འབྲུག་ཐམས་ཅད་སློབ་འབངས་སུ་མ་གྱུར་པ་མེད་ལ། གཞན་ཟུར་མང་ཆེ་ཚང་པ་ཀརྨ་གསུང་རབ་རྒྱ་མཚོ། ཀུན་མཁྱེན་སི་ཏུ་ཆོས་ཀྱི་འབྱུང་གནས། ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ། གཏེར་སྟོན་རོལ་པའི་རྡོ་རྗེ་སོགས་རིས་སུ་མ་ཆད་པའི་སློབ་མ་མཁྱེན་རྟོགས་ཅན་མཐའ་ཡས་སོ། །

{{#arraymap:ཁམས་སྤྲུལ་གསུམ་པ་ཀུན་དགའ་བསྟན་འཛིན་

|; |@@@ | | }}