3752

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁམས་སྤྲུལ་བཞི་པ་པཎ་ཆེན་ཆོས་ཀྱི་ཉི་མ་ (1)
Part of speech མིང་ཚིག
Definition ཁོང་ནི། རྫ་སྟོད་དགེ་རྒྱལ་དཔོན་ཚང་དུ་ཡབ་ལྷ་དབང་དང༌། ཡུམ་བསོད་ནམས་སྒྲོལ་མའི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ལྕགས་ཁྱི ༡༧༣༠ ལོར་སྐུ་འཁྲུངས། ཆོས་མགོན་བཞི་པས་གོང་མའི་ཡང་སྲིད་དུ་ངོས་འཛིན་དང༌། གཙུག་ཕུད་བཞེས་ཤིང༌། མཚན་དགེ་ལེགས་རིན་ཆེན་ཤིང་རྟའི་སྡེར་གསོལ། དགུང་གྲངས་དྲུག་པར་གདན་ས་སྒར་ཆེན་དུ་སེང་ཁྲི་ལ་མངའ་གསོལ། གྲུ་གུ་ཆོས་རྒྱལ་རྒྱ་མཚོའི་མདུན་ནས། དྭགས་པོ། ཕག་གྲུ། ཞང་གི་བཀའ་འབུམ་བཀའ་རྒྱ་མ་སོགས་བཀའ་འབུམ་མང་པོ་དང༌། རྒྱལ་བའི་བཀའ་འགྱུར་གྱི་ལུང་སོགས་གསན། ཚ་རུ་བླ་མ་ཨོ་རྒྱན་བསྟན་འཛིན་ལ། འཇའ་ཚོན་ཆོས་སྐོར། བླ་མ་ངག་དབང་བདེ་ཆེན་ལ་ཚེ་བདག་སྒྲུབ་དབང་ཆེན་མོ་སོགས་ཞུས། བཅུ་གཉིས་ལ་སི་ཏུ་པཎ་ཆེན་དྷརྨ་ཀ་རའི་ཞལ་སྔ་ནས། ཡོངས་རྫོགས་དགེ་བསྙེན་དང་བར་མ་རབ་བྱུང་སྔོན་དུ་འགྲོ་བས། དགེ་ཚུལ་གྱི་སྡོམ་པ་མནོས། མཚན་ཀརྨ་དཔལ་ལྡན་ཀུན་བཟང་རྣམ་གྲོལ་གྲུབ་པའི་ཁྱུ་མཆོག་མི་ཕམ་དགའ་བའི་བཤེས་གཉེན། བསྟན་འཛིན་ཆོས་ཀྱི་ཉི་མ་ཞེས་གསོལ། ཡོངས་གྲགས་པཎ་ཆེན་ཆོས་ཀྱི་ཉི་མ་ཞུ། རྗེ་དེ་ལས་རིམ་བཞིན་སྒྲ་དང་སྙན་ངག་ཞིབ་ཁྲིད་སོགས། མདོ་སྔགས་རིག་གཞུང་གསན་བསམ་དཔྱིས་ཕྱིན་གནང་བས། མཁས་པའི་ཕུལ་དུ་ཕྱིན། རྗེ་ཡོངས་འཛིན་བཞི་པའི་ཞལ་སྔ་ནས། བསྙེན་པར་རྫོགས་ཤིང༌། ཁྲིད་ཆེན་བརྒྱད་གཙོས་པའི་ཁྲིད་དང༌། རིན་སྤུངས་སྙན་འགྲེལ་སོགས་ཁྲིད་ལུང་མང་པོ་གསན་བཞེས་གནང༌། དཀར་བརྒྱུད་ཕྲིན་ལས་ཤིང་རྟ་དང་། རྫོགས་ཆེན་འགྱུར་མེད་ཐེག་མཆོག་བསྟན་འཛིན། བླ་མ་བློ་བཟང་རིན་པོ་ཆེ་སོགས་ལས། གསར་རྙིང་གི་དབང་ལུང་རྒྱ་ཆེར་གསན། ཙ་རི་ཏྲ། གངས་ཏི་སེ། སྐྱིད་གྲོང་འཕགས་པ་ཝ་ཏི། རྗེ་མི་ལའི་སྒྲུབ་གནས་རྫོང་དྲུག བལ་ཡུལ་མཆོད་རྟེན་རྣམ་གསུམ་སོགས་སུ་གནས་གཟིགས་དང་། སྒ་ཉག་དཀར་མོ་རི་ཁུག་དུ་ཤིང་གླང་ ༡༧༤༥ ལོར། ད་ལྟའི་ཁམས་སྒར་རྟེན་བརྟེན་པར་བཅས་གསར་དུ་བཞེངས། ཆུ་ལུག་ལོར་སྒྲུབ་སྡེ་གསང་ཆེན་མཐོང་གྲོལ་གླིང་ ༼ མཁའ་སྤྱོད་བདེ་ཆེན་གླིང་ཟེར། ༽ བཞེངས་ནས་སྒྲུབ་བླ་བཅུ་གསུམ་དང༌། ཤིང་བྱ ༡༧༦༥ ལོར་གྱིང་ཕུ་དཔལ་གྱི་ཡང་དབེན་དུ། མཚན་ཉིད་རྣམ་རྒྱལ་ཆོས་འཁོར་གླིང་ཕྱག་བཏབ་སྟེ། དེར་སྡོམ་བརྩོན་བརྒྱ་དང་བརྒྱད་ཀྱི་གྲྭ་ཚང་གསར་འཛུགས་མཛད། བཤད་སྒྲུབ་ཀྱི་ཕྱག་རྗེས་དང་མཁས་པའི་སྙན་གྲགས་ཤིན་ཏུ་ཆེ། རྒྱལ་བ་བདུན་པའི་མདུན་དངོས་འབུལ་རྒྱ་ཆེས་དགྱེས་པར་མཛད་དེ། ཆོས་འབྲེལ་དང་བཀའ་ཤོག་ཤེ་བམ་ཆེན་མོའི་གཟེངས་བསྟོད་ཐོབ། མཐར་དགུང་གྲངས་ལྔ་བཅུ་ས་ཕག་ ༡༧༧༩ ལོའི་ཟླ་བ་གསུམ་པའི་ཚེས་བཅུ་དགུ་ལ་གཟུགས་སྐུའི་བཀོད་པ་མནལ། གསུང་རྩོམ། མཛོད་དང༌། ཤེར་ཕྱིན། དབུ་མ། ཟབ་མོ་ནང་དོན་སོགས་ཀྱི་འགྲེལ་བ། བསྐྱེད་རྫོགས་མང་པོའི་དཀའ་གནད། ཞལ་གདམས་གསུང་མགུར་དྲིས་ལན་སོགས་པོད་དུ་མ་དང༌། ཁྱད་པར་སྙན་འགྲེལ་དབྱངས་ཅན་ངག་གི་རོལ་མཚོ་ནི། ཡོངས་ལ་གྲགས་ཆེ། སློབ་མ་ནི། མཐུ་ཆེན་ལྔ་པ། འཛི་སྒར་བཞི་པ། བཀའ་བརྒྱད་སྤྲུལ་སྐུ་ཕྲིན་ལས་ཡར་འཕེལ། འཁྲུལ་ཞིག་སྐུ་ཕྲེང་བཞི་པ། རྣམ་གླིང་མཁས་གྲུབ་བསོད་ནམས་རབ་འཕེལ། རབ་འབྱམས་པ་བློ་གྲོས་བརྟན་པ། གྲུབ་དབང་ཀརྨ་ཡན་ལག་འབྱུང་སོགས་མཁས་གྲུབ་ཀྱི་བསྟན་འཛིན་མང་ངོ༌། །

{{#arraymap:ཁམས་སྤྲུལ་བཞི་པ་པཎ་ཆེན་ཆོས་ཀྱི་ཉི་མ་

|; |@@@ | | }}