3753

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁམས་སྤྲུལ་བརྒྱད་པ་སྐལ་བཟང་དོན་བརྒྱུད་ཉི་མ་ (1)
Part of speech མིང་ཚིག
Definition ཁོང་ནི། ནང་ཆེན་ཟླ་སྟོད་ཤར་ལུང་དུ་གོང་མའི་ཡབ་གཞིས་སར། ཡབ་ལྷུན་རྒྱལ་དང༌། ཡུམ་དངོས་གྲུབ་ལྷ་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ལྕགས་ལུག་ ༡༩༣༡ ལོར་སྐུ་འཁྲུངས། ཆོས་མགོན་བརྒྱད་པ་དང༌། སྲིད་སྐྱོང་རྭ་སྒྲེང་ཟུང་གི་བཀའ་དགོངས་ལྟར་གོང་མའི་ཡང་སྲིད་དུ་ངོས་བཟུང༌། དགུང་ལོ་ལྔ་པར་གདན་སར་ཁྲི་གསོལ་ཞུས། ཡོངས་འཛིན་དཔལ་འབྱོར་མདུན་ནས་ཡི་གེ་འབྲི་ཀློག་སོགས་བསླབས། མཚན་སྤྲུལ་གསུམ་པ། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། གྲུབ་སྲས་འཕགས་མཆོག་རྡོ་རྗེ། མཁན་པོ་དོན་དམ་སོགས་བསྟེན་ནས། མདོ་སྔགས་ཀྱི་གཞུང་དང་རིག་གནས་ལ་གསན་སྦྱང་གནང༌། ཆོས་མགོན་བརྒྱད་པའི་ཞལ་སྔ་ནས། གཙུག་ཕུད་བཞེས་ཤིང་རབ་ཏུ་བྱུང༌། མཚན་དཔལ་ལྡན་ངག་དབང་མི་ཕམ་འཇིགས་མེད་ཆོས་ཀྱི་རྒྱ་མཚོ་ཡེ་ཤེས་རིན་ཆེན་སྐལ་བཟང་དོན་བརྒྱུད་ཉི་མ་དགེ་ལེགས་ཕྲིན་ལས་ཀུན་ཁྱབ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེར་གསོལ། རྗེ་དེ་ལས་དཔལ་འབྲུག་པའི་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་གསན། སྐུ་ན་ཕྲ་མོ་ནས་བསྟན་དགོན་གྱི་ཁུར་བཞེས་དགོས་བྱུང་ཡང་། སྒྲུབ་མཆོད་གསར་འཛུགས། འདུས་པའི་བཅའ་ཁྲིམས། རྟེན་གསུམ་མཆོད་ཆས་སོགས་བཞེངས་པ་ཆེ། མདོ་སྔགས་རིག་གནས་ཀྱི་སློབ་གྲྭ་ཁག་གསུམ་བཞེངས་རྒྱུའི་ཐུགས་བཞེད་ལྟར། བཤད་གྲྭའི་གཙུག་ལག་ཁང་སོགས་ལེགས་པར་གྲུབ་སྟེ། འཆད་ཉན་གནང་མུས་སྐབས། བོད་དུ་རྒྱ་དམར་གྱི་དུས་ཟིང་བྱུང་བས་བྲོས་བྱོལ་ཐོག བོད་དབུས་སུ་ཕེབས་ནས། ཉེར་བརྒྱད་ལོར་རྒྱ་གར་དུ་ཞབས་སོར་འཁོད། རྒྱ་བལ་གྱི་གནས་ཆེན་ཁག་ལ་གནས་གཟིགས་དང༌། དེ་རྗེས་ནུབ་བྷང་གྷལ་མངའ་ཁོངས་སྦག་སའི་ཆོས་ཚོགས་དབུ་འཛུགས་གནང་ཞིང༌། ༸གོང་ས་མཆོག་གི་བཀའ་དགོངས་ལྟར། ཆོས་ལུགས་ཆེན་པོ་བཞིའི་བླ་སྤྲུལ། མཁན་སློབ་འདུས་སྡེ་ཆིག་སྟོང་ལྔ་བརྒྱ་བརྒལ་བའི་གསན་བསམ་གནང་སའི་གཞི་འདིང་པར་མཛད། ཀ་ལིང་པཱུར་དུ་ཚེས་བཅུའི་སྒྲུབ་ཆེན་གསར་བཙུགས་དང༌། སོ་བརྒྱད་པ་ས་སྤྲེལ ༡༩༦༨ ལོར་ཧི་མ་ཅལ་མངའ་སྡེའི་ཁོངས་སུ། བྱེས་ཀྱི་གདན་ས་བཀྲ་ཤིས་ལྗོངས་དཔལ་ཕུན་ཚོགས་ཆོས་འཁོར་གླིང་གསར་བཞེངས་དང་འབྲེལ། བཤད་སྒྲུབ་ལས་གསུམ་གྱི་མཛད་རྗེས་ཆེ། འབྲུག་པ་བཅུ་གཉིས་པས་གཙོས་མཆོག་གི་སྤྲུལ་པའི་སྐུ་མང་པོ་མངའ་གསོལ་གནང་། བོད་ཕྱི་ནང༌། འབྲུག་འབྲས་ལྗོངས། ནུབ་ཕྱོགས་ཀྱི་རྒྱལ་ཁབ་སོགས་སུ། རང་ལུགས་སྨིན་གྲོལ་གྱི་ཆོས་འཁོར་བསྐོར། གསུང་རྩོམ་རིགས། པོད་བདུན་ཙམ་བཞུགས། ལྷོ་འབྲུག་ཀྲོང་སར་ཆོས་སྡེར་དད་ལྡན་རྣམས་ལ། འདོད་ཆོས་དབང་ཁྲིད་སྣ་ཚོགས་སྩོལ་བཞིན་པར། གློ་བུར་དུ་དགུང་ལོ་ཞེ་དགུ་པ་ས་ལུག ༡༩༨༠ ལོའི་བོད་ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ལ་ཞི་བར་གཤེགས། བུ་སློབ་ནི། རྫོང་སར་མཁྱེན་བརྩེའི་ཡང་སྲིད། ཞེ་ཆེན་རབ་འབྱམས། ལྷོ་བྲག་ནམ་སྙིང་། བན་ཆེན་སངས་རྒྱས་མཉན་སྤྲུལ། ཆོས་མགོན་དགུ་པ། རྡོར་རྫོང་བརྒྱད་པ། འཛི་སྒར་དགུ་པ། གྲུ་གུ་ཆོས་རྒྱལ་བརྒྱད་པ། འབྲོང་སྤྲུལ། པད་སྙིང་མཁན་པོ་ཨ་ཁྱུང་སོགས་རང་གཞན་གྱི་བླ་སྤྲུལ་ཆེ་ཕྲ་མང་པོ་དང༌། རྟོགས་ལྡན་གྲྭ་འཁོར། འབྲུག་དང་གར་ཞ་ཁུ་ནུ་སོགས་ཀྱི་བླ་སྤྲུལ་མང་པོ་བཅས་དུས་སྐབས་དེ་ཙམ་ན་འབྲུག་པ་བཀའ་བརྒྱུད་ཀྱི་བསྟན་འཛིན་གྱི་དབུས་ན་མངོན་པར་འཕགས་པ་ཞིག་ཡིན་ནོ། །

{{#arraymap:ཁམས་སྤྲུལ་བརྒྱད་པ་སྐལ་བཟང་དོན་བརྒྱུད་ཉི་མ་

|; |@@@ | | }}