39648

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཀྲ་ཤིས་དཔལ་བརྩེགས་ (1)
Part of speech མིང་ཚིག
Definition སྟག་ལུང་པའི་གདན་རབས་བཅུ་པ། རབ་བྱུང་དྲུག་པའི་ས་མོ་ཕག་ཕྱི་ལོ་ ༡༣༥༩ ལོར་ཕན་ཡུལ་དུ་གྭ་ཟིའི་རིགས་སུ་སྐུ་བལྟམས། དགུང་གྲངས་བཅུ་བདུན་སྟེང་ཆོས་རྗེ་ནམ་མཁའ་དཔལ་བཟང་ངམ་ཀུན་སྤངས་ནམ་མཁའ་དཔལ་དབྱངས་ཀྱིས་མཁན་པོ་དང་། གནས་བརྟན་རིན་ཆེན་འོད་ཀྱིས་སློབ་དཔོན་མཛད་ནས་རབ་ཏུ་བྱུང་། དགུང་ལོོ་ཉི་ཤུ་པ་ལ་ར་ས་གཙུག་ལག་ཁང་དུ་མཁན་པོ་ལོ་ཙཱ་བ་བྱང་ཆུབ་རྩེ་མོ་དང་ལས་སློབ་གྲགས་པ་རྒྱལ་མཚན། གསང་སྟོན་ལོ་ཙཱ་བ་ནམ་མཁའ་བཟང་པོ། དད་པའི་དགེ་འདུན་ཇོ་བོ་སྟོན་རྒྱལ་ལ་སོགས་པའི་དབུས་སུ་བསྙེེན་པར་རྫོགས། ཀུན་སྤངས་ནམ་མཁའ་དཔལ་དབྱངས་དང་ལོ་ཆེན་བྱང་ཆུབ་རྩེ་མོ་གཉིས་ཀྱི་ཞབས་ལ་གཏུགས། ས་སྐྱ་ཐེགས་ཆེན་ཆོས་རྗེ་ཀུན་དགའ་བཀྲ་ཤིས་ཀྱི་དྲུང་ནས་ས་ལུགས་དང་ཤང་ལུགས་ཀྱི་གདམ་པ་གསན་པར་མཛད། མེ་འབྲུག་ཕྱི་ལོ་ ༡༣༧༦ ལོར། སྟག་ལུང་གི་གདན་སའི་ཆོས་ཀྱི་ཁྲི་ལ་འཁོད། ཕན་ཡུལ་དུ་འབྲི་གུང་དང་བྲག་སྣེལ་སྡེ་འཁྲུགས་དང་འབྲི་ཁྱུང་གཉིས་ཀྱི་འཁོན་འཁྲུགས། འབྲི་གུང་དང་རོང་པོའི་འཁྲུགས་འཛིང་སོགས་སྔ་ཕྱི་སྡེ་འདུམ་མང་དུ་མཛད་དེ་འཁྲུགས་རྩོད་ཞི་བར་བྱས། རྫོང་རྒྱལ་མཚན་བཟང་པོས་བཙན་དུག་མི་ཁུར་ལྔ་བརྒྱ་རྫོང་རྙིང་གི་མཚོ་ལ་འདེབས་རྩིས་བྱེད་པར། ཆུ་གནས་ཀྱི་སྲོག་ཆགས་ལ་གནོད་པར་གསུངས་ནས་བཀག་ཅིང་ས་སྦས་བཏང་། དབང་གྲགས་པ་རྒྱལ་མཚན་གྱིས་སྣེའུ་གདོང་གི་དབུ་བླ་བཀུར་ཞིང་། ཏ་མིང་གོང་མས་ཀྱང་ཆེ་སྟོད་མཚན་གསོལ་དང་ལེགས་སྐྱེས་གཟེངས་བསྟོད་མང་དག་བྱས། རྗེ་ཕག་མོ་གྲུ་པས་སྟག་ལུང་ཐང་པ་ལ་གནང་བའི་འོན་ཐང་དཀར་དགོན་དེ་བཞིན་འདི་བར་བདག་སྐྱོང་མཛད་པ་ལ་རྗེ་འདི་ཐིལ་གྱི་མཆོད་ཐེབས་སུ་ཕུལ་བ་སོགས། གང་དུ་ཕན་འདོགས་དགོས་པར་དེར་དུས་ལས་ཡོལ་མེད་ཀྱིས་སྨིན་པར་མཛད་ཅིང་། ཁྲིད་ཡིག་འོད་དཀར་ཕྲེང་བ་སོགས་གསུང་རྩོམ་ཡང་མང་དུ་ཡོད་པར་གསལ། མཐར་ཤིང་ཕོ་འབྲུག་ཕྱི་ལོ་ ༡༤༢༤ ལོར་སྐུ་གཤེགས། བསྟན་པ་ལ་བྱ་བ་བྱས་པའི་སློབ་མ་གྲགས་ཅན་མང་དུ་བྱུང་བ་སྟེ། བོ་དོང་ཕྱོགས་ལས་རྣམ་རྒྱལ་དང་སྤྱང་ལུང་གཞོན་ནུ་བླ་གྲོས། མཁན་ཆེན་བཟང་པོ་འོད་ཟེར་དང་བར་ལེ་བ་འཇམ་དཔལ་གོ་ཆ། བྱ་བྲལ་ཆོས་ཀྱི་རྒྱལ་མཚན་དང་སྐྱེ་མཆོག་སྨོན་ལམ་དཔལ་འབྱོར། རྒྱལ་ཚབ་དམ་པ་སྐུ་མཆེད་དང་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་སོགས་སོ། །

{{#arraymap:བཀྲ་ཤིས་དཔལ་བརྩེགས་

|; |@@@ | | }}