39703

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཀྲ་ཤིས་སྟེང་འགྲོའི་དགོན་ (1)
Part of speech མིང་ཚིག
Definition དགོན་འདི་བོད་དབུས་སྟོད་དིང་རིའི་ཡུལ། རྩིབས་རིའི་ཤར་ངོས་ཀྱི་རི་ལྡེབས་སུ་ཆགས་པ། འདི་ཐོག་མར་རྒྱལ་བ་རྒོད་ཚང་པ་ཆེན་པོ་དགུང་ལོ་བཞི་བཅུ་ཞེ་ལྔར་ཕེབས་སྐབས་གནས་འདིར་ཕེབས་ཏེ་དགོན་འདི་ཉིད་གསར་བཞེངས་མཛད་པ་དང་། གནས་འདིར་ལོ་བཅུ་གསུམ་སྒྲུབ་པ་མཛད་པར་གྲགས། རྗེ་དེ་ཉིད་གནས་འདིར་ཕེབས་ནས་རིང་མིན་གྱི་དུས་ཚོད་ནང་གཅེས་ཕྲུག་བཞི་རབ་ཏུ་བྱུང་བ་མ་ཟད་མཚན་ཡང་སངས་རྒྱས་རྡོ་རྗེ། རིན་ཆེན་རྡོ་རྗེ། བཀྲ་ཤིས་རྡོ་རྗེ་སོགས་མི་འགྱུར་བ་བཞིར་མཚན་བཏགས་ནས་གཏན་འབེབས་བཅུ་གཉིས་ཀྱི་མགུར་གསུངས། གནས་མཆོག་བཀྲ་ཤིས་སྟེང་འགྲོ་བྱ་བ་དེ། །བྱིན་རླབས་གནས་ཆེན་ས་གཞི་ཉམས་དགའ་བ། །ཕུ་ན་སེང་གེ་དཀར་མོ་གནམ་དུ་མཆོངས་པ་འདྲ་བ། མཐུན་རྐྱེན་སྣ་ཚོགས་འཛོམས་ཤིང་མཚན་དང་དགེ་ལྟས་ཚང་བ། མདའ་ན་གྲོང་ཁྱེར་རྒྱ་ཞོ་ནན་པ་འདྲ་བ་ཡོད་པ། བར་ན་རིའི་རྒྱལ་པོ་གདན་ལ་བཞུགས་པ་འདྲ་བའི་ཕང་ན་དགོན་པ་ཕྱག་འདེབས་གནང་མཛད། དེ་ལ་ཡང་དཔའ་བོ་དང་མཁའ་འགྲོ་སྤྲིན་བཞིན་དུ་འདུ་བ། གྲུབ་ཐོབ་མང་པོའི་བཞུགས་གནས་ཤྲཱི་དང་འདི་ཉིད་ལ་ཁྱད་པར་མི་འདུག་པས་གནས་བྱིན་ཅན་ཁྱད་དུ་འཕགས་པ་ཞིག་འདུག་གསུངས། གནས་འདི་ཉིད་ནས་རྗེ་རྒོད་ཚང་པའི་མཚན་དང་སྙན་གྲགས་ཕྱོགས་ཐམས་ཅད་དུ་ཁྱབ་པར་གྱུར་ཏོ། །དེ་ནས་ཨ་པོ་བྱང་དཔལ་དང་ཉེ་གནས་རིན་རྒྱལ་ལ་སོགས་པའི་དག་པའི་འཁོར་འགའ་ཞིག་གིས། ཆོས་རྗེའི་དྲུང་དུ་ཚོགས་འཁོར་ཞིག་མཛད་པ་ལ། ཆོས་རྗེ་བས་སྐུའི་བཀོད་པ་འདི་ལྟར་བསྟན། དེ་ཡང་རྒྱལ་བ་ཤཱཀྱ་ཐུབ་པའི་སྐུ་རུ་བསྟན་ནས་ཆོས་མང་དུ་གསུངས། ཡང་བཅོམ་ལྡན་འདས་རྡོ་རྗེ་གཏུམ་པོའི་སྐུ་རུ་སྤྲུལ་ནས་དགྲ་བགེགས་འཇོམས་པའི་ཚུལ་དུ་བསྟན། ཡང་བཅོམ་ལྡན་འདས་བདེ་མཆོག་ལྷན་སྐྱེས། རྡོ་རྗེ་རྣལ་འབྱོར་མ། ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་སོགས་མང་དུ་སྤྲུལ། སྐབས་རེ་དེ་རྣམས་རང་ལ་བསྡུས་ནས་རྫོགས་རིམ་གྱི་ངང་དུ་བཞུགས་ཤིང་། དེ་ལྟ་བུའི་བསྐྱེད་རྫོགས་གང་མཛད་པ་ཐམས་ཅད་ལ་སྐུའི་སྒོ་ནས་རང་དབང་ཐོབ་པའི་ཚུལ་མཐའ་ཡས་སོ། །གདུལ་བྱ་མང་པོ་སྨིན་གྲོལ་གྱི་ལམ་ལ་བཀོད། སློབ་མ་ཡང་བགྲང་ལས་འདས་པ་འདུས་པ་དང་། རིམ་བཞིན་སློབ་མའི་ནང་ནས་མཆོག་ཏུ་གྱུར་པ་གྲུབ་ཐོབ་ཨོ་རྒྱན་པ་དང་། རྒྱལ་བ་ཡང་དགོན་པ་སོགས་སློབ་མ་སྟོང་ཕྲག་འདུས་ཏེ་སྒྲུབ་པ་ཉམས་ལེན་མཛད། རིག་གནས་གསར་བརྗེའི་སྔོན་ཙམ་དུ་གྲྭ་བཙུན་བཅོ་ལྔ་ཙམ་ཡོད་འདུག ཕྱི་ལོ་ ༡༩༦༣ ལོར་དགོན་འདི་ཉིད་རྩ་འཐོར་ཏུ་སོང་། སླར་ཡང་དེ་སྔོན་དགོན་འདི་གའི་དགེ་འདུན་པ་ཁག་དང་། ཁུལ་དེ་གའི་དད་ལྡན་པ་རྣམས་ནས་ཉམས་གསོ་ཞུས། དེང་སྐབས་ཁྱོན་གྲྭ་བཙུན་ཉི་ཤུ་རྩ་གྲངས་ཀྱིས་འབྲུག་པ་བཀའ་བརྒྱུད་པའི་རིང་ལུགས་འཛིན་བཞིན་པ་བཅས་སོ། །

{{#arraymap:བཀྲ་ཤིས་སྟེང་འགྲོའི་དགོན་

|; |@@@ | | }}