4233

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྱུང་སྤྲུལ་པདྨ་ཕྲིན་ལས་རྒྱ་མཚོ་ (1)
Part of speech མིང་ཚིག
Definition ནང་ཆེན་ཧེ་རུ་དགོན་ཁྱུང་སྤྲུལ་པདྨ་ཕྲིན་ལས་རྒྱ་མཚོ་མཆོག་ནི། ནང་ཆེན་འབྲོང་པ་རྨེ་གཞུང་ཝཾ་རིའི་སྲིབ་རྒྱབ་ཡང་ཀའི་ཁར། ཡབ་སྔགས་འཆང་འབྱོ་མི་ཕམ་བརྩོན་འགྲུས་དང༌། ཡུམ་ཨ་གྲོ་བཟའ་བདེ་ལྡན་མཚོའི་སྲས་སུ། རབ་བྱུང་བཅོ་ལྔ་པའི་མེ་ཁྱི་ ༡༨༨༦ ལོར་འཁྲུངས། ཕྱག་ཞབས་དྲ་བས་སྦྲེལ་བ་སོགས་མཚན་བཟང་པོ་མངའ་བས་ཡབ་ཀྱིས་བུ་འདི་བསྟན་འགྲོར་ཕན་པ་ཞིག་ཡོང་གསུངས། ཆུང་ངུ་ནས་འཇམ་མགོན་ཀོང་སྤྲུལ་སོགས་སྐྱེས་ཆེན་དུ་མ་མཇལ། ཡབ་དང༌། ས་སྤྲུལ་རིག་འཛིན་ཆོས་རྒྱལ། དྲུང་པ་ཆོས་ཀྱི་རྒྱལ་མཚན་ལས་བཀའ་ཆོས་མང་པོ་ཐོབ། རྫོགས་ཆེན་དགོན་དུ་ལོ་འགར་ཐོས་བསམ་མཛད་ཅིང༌། མཁན་པོ་ཐུབ་བསྟན་ཆོས་རྡོར་ལས་བསྙེན་པར་རྫོགས། ཨ་ལོ་དཔལ་འབྱོར་དགོན་དང༌། དཔལ་སྤུངས་དགོན་སོགས་སུ་བྱོན། མཁན་ཆེན་བཀྲ་ཤིས་འོད་ཟེར། གནས་གསར་བཀྲ་ཤིས་ཆོས་འཕེལ། སི་ཏུ་པདྨ་དབང་མཆོག་རྒྱལ་པོ། ཀཿཐོག་རྒྱ་རོང་རྟོགས་ལྡན་སོགས་བསྟེན་ནས་མདོ་སྔགས་རིག་གནས་སྤྱི་དང༌། སྨིན་གྲོལ་གྱི་རིམ་པ་མང་པོ་གསན་བསམ་མཛད། མཁན་ཆེན་ནས་ཁྱུང་སྤྲུལ་ཞེས་མཚན་བཏགས་པས་དེ་ལྟར་གྲགས། དཔལ་སྤུངས་སྒྲུབ་སྡེར་ལོ་གསུམ་བཅད་རྒྱ་དང་ཡང་ལོ་གསུམ་སྒྲུབ་དཔོན་བླ་མ་མཛད་པས། ཉམས་རྟོགས་མཐོན་པོར་ཕེབས། སི་ཏུ་པདྨ་དབང་མཆོག་ལའང་དབང་བཀའ་འགའ་ཕུལ། དེ་ལྟར་དགུང་ལོ་སོ་གསུམ་བར་སྡེ་དགེའི་ཕྱོགས་སུ་གསན་སྒོམ་ཕྲུགས་མར་གནང་སྟེ། དེ་ནས་ནང་ཆེན་དུ་ཕེབས། སྔོན་བདེ་གཤེགས་ཕག་མོ་གྲུ་པ་དང་ཡེལ་པ་ཡེ་ཤེས་བརྩེགས་ཀྱི་སློབ་མ་འབྱོར་ཆོས་སྐུ་རྒྱལ་བ་ཡེ་ཤེས་དང་སེ་ཕུ་རྒྱལ་དབང་བདེ་ཆེན་རྡོ་རྗེའི་སྒྲུབ་གནས། འཁོར་ལོ་སྡོམ་པའི་གསུང་གི་གནས་སུ་གྲགས་པའི་འབྲུག་པ་ཧེ་རུ་དགོན་གྱི་གདན་སར་བཞུགས་པས། གདན་ས་དར་རྒྱས་ཕུན་སུམ་ཚོགས་པ་བྱུང༌། དབུས་གཙང་སོགས་གནས་ངེས་མེད་དུ་རིམ་གཉིས་ཟབ་མོའི་ཉམས་ལེན་ལ་གཞོལ་ཞིང༌། ཕྱོགས་ཀྱི་ཞལ་སློབ་རྣམས་ལ་དབང་ཁྲིད་གདམས་པ་ཅི་ཡང་གནང་མཐར། དགུང་ལོ་རེ་གསུམ་པ་ས་བྱི་ ༡༩༤༨ ལོའི་ཆོ་འཕྲུལ་ཟླ་བའི་ཚེས་བཅོ་བརྒྱད་ལ་རྟ་རྣ་དགོན་དུ་ཞི་བར་གཤེགས་སོ། །གསུང་ཆོས་སྐོར་པོད་བཞི་ཙམ་བཞུགས་ཤིང༌། སློབ་མ་ཡང་ཨ་ལྡེའུ་གྲུབ་རིགས་ཁྱུ་མཆོག ། འཛི་སྒར་ཀོང་སྤྲུལ་བློ་གྲོས་རབ་འཕེལ། གནས་བརྟན་མཆོག་གླིང༌། བན་ཆེན་སངས་རྒྱས་མཉན་པ། དིལ་ཡག་ཟླ་བཟང་ཀརྨ་ངེས་དོན་ཆོས་ཀྱི་ཉི་མ། ཇ་པ་སངས་རྒྱས་བསྟན་འཛིན། ཚངས་སར་བློ་གྲོས་རིན་ཆེན། རྟ་རྣ་བླ་མ་སྤེན་པ། ཧེ་རུ་པདྨ་འགྱུར་མེད། གཟུ་རུ་ཇོ་སྐྱབས། རིས་མེད་ཀྱི་བླ་སྤྲུལ་མང་ངོ༌། །

{{#arraymap:ཁྱུང་སྤྲུལ་པདྨ་ཕྲིན་ལས་རྒྱ་མཚོ་

|; |@@@ | | }}