43144

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བལ་ཡུལ་ཀཿཐོག་གཞི་ཆེན་བཻ་རོ་གླིང་ (1)
Part of speech མིང་ཚིག
Definition སྔ་འགྱུར་ཤར་རྒྱལ་བ་ཀཿཐོག་པའི་ཆོས་བརྒྱུད་གཞི་ཆེན་བཻ་རོ་གླིང་ནི། མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་དང་ཉེ་བར་ཏིང་ཆུ་ལིང་ཞེས་པ་བྱ་རྫི་མ་བདེ་མཆོག་མའི་གསོལ་ཐབ་ཀྱི་འགྲམ་དུ་ཕྱི་ལོ་ ༡༩༩༧ རབ་བྱུང་ ༡༧ པའི་མེ་གླང་ལོ། བཻ་རོ་ཙ་ནའི་སྐྱེ་ཕྲེང་སོ་དྲུག་པ་འཇམ་དབྱངས་བསྟན་པའི་རྒྱལ་མཚན་གྱིས་བཏབ། གཞན་ཡང་གཙུག་ལག་ཁང་གསེར་གྱི་གནྫི་ར་དང་རྒྱལ་མཚན་རི་དྭགས་ཆོས་འཁོར་སོགས་ཀྱིས་བརྒྱན་པ། སྟེང་ཁང་རྡོར་སེམས་ལྷ་ཁང་། འོག་ཁང་དུ་རྟེན་གཙོ་ཟངས་གསེར་ལས་གྲུབ་པའི་སྟོན་པའི་སྐུ་དང་། སློབ་དཔོན་ཆེན་པོ་སྤྱན་རས་གཟིགས། སྒྲོལ་མ། ཀཿདམ་པ་བདེ་བར་གཤེགས་པ། གཏེར་ཆེན་བདུད་ཀློང་རྣམ་གཉིས། གྱང་ངོས་ལོགས་རིས་ལ་བདེ་གཤེགས་སོ་ལྔ། བཀའ་དགོངས་ཕུར་གསུམ། ཞི་དྲག་སེང་གསུམ། སྙིང་ཐིག་རྩ་གསུམ། ཁྲོ་བོ་རྟ་མགྲིན། བདུད་རྩི་འཁྱིལ་བ། སྨེ་བརྩེགས། ཚེ་ལྷ་རྣམ་གསུམ། རྗེ་འབངས་ཉེར་ལྔ། སྔགས་པའི་རྒྱལ་པོ་སོ་ཟུར་གནུབས་གསུམ། ཀུན་མཁྱེན་རང་ཀློང་རྣམ་གཉིས། དམ་གཙང་བྱམས་གསུམ། ཐོས་མཆོག་རྣམ་གསུམ། ལུང་བསྟན་བུ་བཞི་གཙོས་རྒྱལ་བ་ཀཿཐོག་པའི་བླ་རབས་དང་། གཞི་ཆེན་བླ་རབས་རིམ་བྱོན། མ་མགོན་མགར་གསུམ། མ་གཟའ་དམ་གསུམ། ཞིང་སྐྱོང་ཡབ་ཡུམ། དགེ་བསྙེན་ཁྲོ་འབར། གནོད་སྦྱིན་ཙིའུ་དམར་པོ་སོགས་སྲུང་མའི་སྐོར་དང་། ཟངས་གསེར་ལས་གྲུབ་པའི་རྒྱལ་ཆེན་སྡེ་བཞི། སྒོ་ཁྱམས་དུ་འཁོར་བའི་འཁོར་ལོ་ཆ་ལྔ་པ། མཐུན་པ་སྤུན་བཞི། ཚེ་རིང་རྣམ་དྲུག སྡོམ་བརྩོན་དམ་པ། གླིང་བཞི་རི་རབ་བཅས་ཀྱི་ལོགས་རིས་ཕུལ་དུ་ཕྱིན་པར་ཉིས་སྟོང་ལོའི་ཟླ་ ༢ པའི་ཚེས་ ༡༠ ལ་རྟེན་དང་བརྟེན་པ་བཅས་ལེགས་གྲུབ་བྱུང་བའི་མཛད་སྒོ་ལ། ༸སྐྱབས་རྗེ་ཀཿཐོག་རྨོག་སྤྲུལ་རིན་པོ་ཆེ་གདན་འདྲེན་ཞུས་ཏེ་སྔ་འགྱུར་བཀའ་མ་དང་། བདུད་ཀློང་རྣམ་གཉིས་ཀྱི་དབང་ལུང་བཅས་གནང་ནས་རྒྱལ་ཁའི་ངང་དུ་མཇུག་གྲུབ་ཡོད། བོད་ཟླ་ ༡༢ པའི་ནང་དུ་བདུད་འདུལ་ཕུར་པའི་གཏོར་ཟློག་དང་། ཆོ་འཕྲུལ་ཟླ་བ་དང་པོར་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་སྒྲུབ་མཆོད། ཚེས་བཅུར་ཀློང་གསལ་པདྨ་འོད་འབར་སྒྲུབ་ཆེན་ལ་འཆམ་སྣ་མི་འདྲ་བར་ཉེར་ལྔ་ཙམ་མཇལ་རྒྱུ་ཡོད། དུས་རྒྱུན་བདུད་ཀློང་རྣམ་གཉིས་ཀྱི་ཆོ་ག་རེས་མོས་སྒོ་ནས་ཚེས་བཅུ་ཉེར་ལྔ་འཚོག་བཞིན་པ་དང་། མདོར་ན་རྒྱལ་བ་ཀཿཐོག་པའི་ཕྱག་སྲོལ་འཆམ་དང་། གཏོར་བཟོ་དཀར་རྒྱན་དབྱངས་རོལ་བཅས་མ་ཉམས་པ་དང་། གསོ་སྦྱོང་། དབྱར་གནས། དགག་དབྱེ་སྟེ་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་གནང་། གཞན་ཡང་བཤད་གྲྭ་དང་། སྒྲུབ་གྲྭ། གཞི་རིམ་སློབ་གྲྭ་བཅས་དགེ་འདུན་པ་བརྒྱ་ཕྲག་གཉིས་ལ་ཉེ་བས་ཐོས་བསམ་སྒོམ་གསུམ་གྱི་ལས་ལ་བརྩོན་བཞིན་ཡོད།

{{#arraymap:བལ་ཡུལ་ཀཿཐོག་གཞི་ཆེན་བཻ་རོ་གླིང་

|; |@@@ | | }}